སྟོབས་ཤུགས་གཅིག་སྡུད་ཀྱིས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་བསྒྱུར་བཅོས་ལ་འགག་གཏོར་ཡོང་བ་བྱེད་པ།
སྤེལ་བའི་དུས་ཚོད། : 2019-07-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མི་དམངས་ཉིན་རེའི་ཚགས་པར་ཐོག་སྤེལ་བའི་གནས་ཚུལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་ཀྱི་ཕྱོགས་བསྡོམས་གྲོས་ཚོགས་ཐོག རྩ་འཛུགས་སྒྲོམ་གཞི་བསྐྱར་འཛུགས་ལེགས་གྲུབ་དང་ལས་ཁུངས་ཀྱི་འགན་ནུས་ལེགས་སྒྲིག་བྱས་ཚར་བ་ནི། ཕྱི་ངོས་ཀྱི་གནད་དོན་ཐག་གཅོད་བྱས་པ་ཙམ་ཡིན། དོན་ངོ་མའི་ཕན་འབྲས་ཐོན་པ་བྱེད་པར་ད་དུང་ལས་དོན་འབོར་ཆེན་སྒྲུབ་དགོས་ཞེས་བསྟན་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས། ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་སེམས་ལ་བརྟན་པོར་ངེས་ནས། ཏང་ཀྲུང་དབྱང་གི་བླང་བྱ་ཞིབ་ཕྲའི་ལས་དོན་ཁག་ནང་དོན་འཁྱོལ་ཐུབ་པ་བྱེད་པ་དང་། བསྒྱུར་བཅོས་ཁག་དོན་འཁྱོལ་ཞིབ་ཕྲ་ཐུབ་པ་བྱས་ནས། ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་གནས་བབ་གསར་པ་གཏོད་རྒྱུ་ཡིན་ཞེས་བཤད་འདུག

རྒྱ་ཆེའི་ཏང་ཡོན་ལས་བྱེད་པས། ལས་ཁུངས་བསྒྱུར་བཅོས་ཀྱི་འགན་གནས་འགན་འཁྲིའི་ཐད་བླང་བྱ་གསར་པ་བཏོན་ཡོད་པ་དང་། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུར་གཞིགས་ནས། འགན་ནུས་ལག་བསྟར་ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད་འདུག

ཞིང་ལས་གྲོང་གསེབ་པུའུ་ཞིང་ཁ་འཛུགས་བསྐྲུན་དོ་དམ་སེའི་སེ་ཀྲང་ལུའུ་ཀུད་རྨིན་གྱིས། ལས་འགན་གཙང་སྒྲུབ་བྱེད་པའི་ཆུ་ཚད་དང་ནུས་པ་སྔར་བས་ཆེ་རུ་བཏང་ནས། སྤྱི་ལོ2020ལོར་མུའུ་དུང་ཕྱུར8 དང་། སྤྱི་ལོ2022ལོར་མུའུ་དུང་ཕྱུར10ཡི་ཚད་གཞི་མཐོ་བའི་ཞིང་ཁ་བསྐྲུན་རྒྱུའི་དམིགས་འབེན་ལས་འགན་ལེགས་སྒྲུབ་ཐུབ་པ་བྱས་ནས། ཞིང་ཁ་འཛུགས་བསྐྲུན་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་ཁག་དོན་འཁྱོལ་ཞིབ་ཕྲ་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་འདུག

རང་བྱུང་ཐོན་ཁུངས་པུའུ་རྒྱལ་ཁབ་ས་ཆའི་བར་ཁམས་འཆར་འགོད་ཅུད་ཀྱི་འགོ་འཛིན་གཞོན་པ་མེན་ཞའོ་ཡིང་གིས། གསར་དུ་བསྐྲུན་པའི་སྡེ་ཁག་གསར་པ་ཞིག་ཡིན་པའི་ཆ་ནས། རང་བྱུང་ཐོན་ཁུངས་པུའུ་ཡི་ལས་འགན་རྙོག་འཛིང་དང་དཀའ་ངལ་ཆེན་པོ་ཡོད། ང་ཚོས་ཀྲུང་དབྱང་གི་བླང་བྱ་ཁག་ཞིབ་ཕྲའི་ལས་དོན་ནང་དོན་འཁྱོལ་གྱིས། ལས་འགན་དེ་བས་ལེགས་པ་སྒྲུབ་རྒྱུ་ཡིན་ཞེས་གསུངས་འདུག

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུད་མི་དོན་སེའི་སེ་ཀྲང་ཧའོ་ཅུན་ཧུའེ་ཡིས། མིག་སྔར་བསྒྱུར་བཅོས་བློ་སྦྱོང་ཐོབ་བཞིན་པའི་རྒྱ་ཆེའི་ཁྲལ་དོན་ལས་བྱེད་པ་རྣམས་ནུས་ཤུགས་ཡོད་རྒུས་ཁྲལ་གྲོན་ཆག་ཡངས་གཏོང་བའི་སྲིད་ཇུས་དོན་འཁྱོལ་གྱི་གཙོ་གནད་ལས་དོན་ནང་ཞུགས་བཞིན་ཡོད་པ་དང་། རྒྱལ་ཁབ་ཀྱི་དཔྱ་ཁྲལ་དང་ས་ཆའི་དཔྱ་ཁྲལ་ལས་ཁུངས་ཟླ་སྒྲིལ་བཏང་རྗེས་ཀྱི་ལས་དོན་དང་། མི། ཤུགས། སེམས་བཅས་ཟླ་སྒྲིལ་གཏོང་རྒྱུར་སྐུལ་འདེད་སྔར་ལས་ལྷག་པ་བཏང་ནས། ཟླ་སྒྲིལ་གྱི་ཕན་འབྲས་རྒྱུན་མཐུད་ངང་ཐོན་པ་བྱ་རྒྱུ་ཡིན་ཞེས་གསུངས་འདུག

པེ་ཅིན་གྲོང་ཨུད་རྩ་འཛུགས་པུའུ་ཡི་པུའུ་དོན་ཨུ་ཡོན་དང་། ལས་བྱེད་པ་བགོ་འགྲེམ་ཁྲུའུ་ཡི་འགོ་འཛིན་ལིང་ཆང་ཐན་གྱིས། རྩ་འཛུགས་སྡེ་ཁག་ནི་ཏང་ཨུད་ཀྱི་འགན་ནུས་སྡེ་ཁག་གལ་ཆེན་ཞིག་ཡིན་པས། ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་པའི་ཐད་སྣེ་ཁྲིད་བྱ་དགོས་ཞེས་གསུངས་འདུག

ཧྲན་ཏུང་ཆིང་ཏའོ་གྲོང་ཁྱེར་ལི་ཚང་ཁུལ་ཨུད་རྩོམ་སྒྲིག་གཞུང་ལས་ཁང་གི་ཀྲུའུ་རེན་ཝི་ཀུད་ཏེས། གོམ་སྟབས་རྗེས་མར་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། ལས་ཀའི་ལས་ཆོད་མཐོ་རུ་གཏོང་དགོས་པ་དང་། བྱ་གཞག་ཚན་པའི་བསྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་ནས། ལྐོག་ཤུགས་དང་གསོན་ཤུགས་འདོན་སྤེལ་སྔར་ལས་ལྷག་པ་བྱ་དགོས་ཞེས་གསུངས་འདུག

རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མིག་སྔར་ལག་ལེན་བསྟར་བཞིན་པའི་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་སེམས་ལ་བརྟན་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་དང་ཟུང་འབྲེལ་བྱས་ནས། འགན་འཁྲི་ཁུར་བ་དང་སྒྲིག་གཞི་བསྒྱུར་བཅོས་ཀྱི་གྲུབ་འབྲས་དེ་བས་སྲ་བརྟན་དུ་གཏོང་རྒྱུ་ཡིན་ལུགས་བརྗོད་ཡོད་པ་རེད།

རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣས་བསྟན་པར། རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མང་ཚོགས་ཚོའི་ནད་གཞི་བལྟ་རྒྱུ་དང་ནད་བཅོས་བྱེད་རྒྱུའི་སེམས་ཁྲལ་གྱི་གནད་དོན་དང་། བློ་མི་བདེ་བའི་གནད་དོན། སྡུག་བསྔལ་གྱི་གནད་དོན་བཅས་ལ་དམིགས་ཏེ་ཞིབ་འཇུག་བརྟག་དཔྱད་ཀྱི་བྱེད་སྒོ་སྤེལ་རྒྱུ་དང་། གནད་དོན་རྩད་གཞིབ་བྱས་ཏེ་གནད་དོན་འཚོལ་བ་དང་སྒྲིག་གཞི་བསྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ཐོག་ལས་ཀ་དོན་འཁྱོལ་ལ་དམ་འཛིན་གྱིས་ནུས་ཤུགས་ཡོད་རྒུས་འཕྲོད་བསྟེན་བདེ་ཐང་བྱ་གཞག་བསྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་སྤེལ་གྱིས་མི་དམངས་མང་ཚོགས་ཚོའི་བདེ་ཐང་གི་ཐོབ་ཚོར་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་བསྟན་པར། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྨན་བཅོས་འགན་སྲུང་ལམ་ལུགས་ཟླ་སྒྲིལ་བྱེད་མགྱོགས་སུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་སྲིད་ཇུས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྨན་བཅོས་འགན་བཅོལ་གྱི་དཀར་ཆག་སྙོམ་སྒྲིག་དང་ལེགས་སྒྲིག་བྱས་ནས། རྒྱལ་ཁབ་ཀྱིས་སྨན་རྫས་གཅིག་འདུས་ཉོ་སྒྲུབ་དང་བེད་སྤྱོད་བྱེད་པའི་ཚོད་ལྟ་སྒྲིག་འཛུགས་བྱ་རྒྱུར་སྐུལ་སྤེལ་གཏོང་རྒྱུ་ཡིན་པ་རེད།

ཧུའུ་ནན་ཞིང་ཆེན་ཧྲའོ་ཡང་གྲོང་ཁྱེར་རིག་ནས་ཡུལ་སྐོར་དང་རླུང་འཕྲིན་ལུས་རྩལ་ཅུད་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲང་དབྱིང་མའེ་ཡིས། ས་ཁུལ་དང་གྲོང་ཁྱེར་རིམ་པའི་སྒྲིག་གཞི་བསྒྱུར་བཅོས་ཁོངས་སུ་ཚུད་པའི་རིག་གནས་ཡུལ་སྐོར་ཚན་པ་ཞིག་ཡིན་པའི་ངོས་ནས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་འཚོལ་གཞིབ་གནད་ལ་འཕིགས་པ་དང་། བསམ་ཕྱོགས་ཁ་གསལ་བཟོ་བ། ནུས་ཁུངས་ལེགས་སྒྲིག ནུས་ཤུགས་འདོན་སྤེལ་གནད་ལ་འཕིགས་པ་བཅས་བྱས་ཐོག་རིགས་ཁག་གི་བསྒྱུར་བཅོས་ལས་འགན་དོན་འཁྱོལ་དོ་ནན་བྱས་ཏེ་མི་དམངས་མང་ཚོགས་ལ་སྤུས་དག་གི་རིག་གནས་ཡུལ་སྐོར་ཐོན་རྫས་དེ་བས་མང་བ་མཁོ་འདོན་བྱེད་རྒྱུ་ཡིན་ཞེས་གསུངས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱལ་པོ། སྤེན་པ་རྒྱ་མཚོ།