རྒྱལ་སྤྱིའི་དཔྱད་གླེང་འགོ་བརྗོད་དུ་རྒྱུ་རྐྱེན་ཆེན་པོ་གསུམ་གྱི་དབང་གིས་འཛམ་གླིང་དཔལ་འབྱོར་གྱིས་ཀྲུང་གོར་བརྟེན་ཚད་སྔར་བས་ཆེ་རུ་འགྲོ་བ་ཞེས་པ་སྤེལ་བ།
སྤེལ་བའི་དུས་ཚོད། : 2019-07-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ད་ལྟ་རྒྱལ་སྤྱིའི་དཔྱད་གླེང་འགོ་བརྗོད་དུ། རྒྱུ་རྐྱེན་ཆེན་པོ་གསུམ་གྱི་དབང་གིས་འཛམ་གླིང་དཔལ་འབྱོར་གྱིས་ཀྲུང་གོར་བརྟེན་ཚད་སྔར་བས་ཆེ་རུ་འགྲོ་བ་ཞེས་འཁོད་པ་ཞུ་རྒྱུ་ཡིན།

ཉེ་དུས། མའེ་ཁེན་ཤི་གོ་ལའི་ཞིབ་འཇུག་གླིང་གིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། སྤྱི་ལོ་༢༠༠༠ལོ་ནས་༢༠༡༧ལོའི་བར། འཛམ་གླིང་ནས་ཀྲུང་གོའི་དཔལ་འབྱོར་ལ་བརྟེན་ཚད་ཀྱི་སྟོན་གྲངས་དེ་0.4ནས་1.2བར་མང་དུ་ཕྱིན་ཡོད། དེ་ནི་དཔལ་འབྱོར་གོ་ལ་ཅན་དུ་གོང་འཕེལ་འགྲོ་བའི་ལྡོག་མེད་ཀྱི་འབྲས་བུ་ཡིན་པ་དང་། དེའི་ཐོག་ནས་ཀྲུང་གོ་འདི་ཉིད་འཛམ་གླིང་དང་མཉམ་འདྲེས་ཟམ་མི་ཆད་པ་བྱེད་པའི་བརྒྱུད་རིམ་ཁྲོད་འཛམ་གླིང་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་ལ་ཡིད་ཆེས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་པ་མཚོན་ཐུབ།

དང་ཐོག ཀྲུང་གོར་འཛམ་གླིང་ཧྲིལ་པོའི་འཛད་སྤྱོད་ཁྲོམ་ར་ཆེ་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་ཡོང་འབབ་འབྲིང་ཙམ་ཡོད་པའི་མི་ཚོགས་ཡོད་པ་དང་། འཛད་སྤྱོད་རིམ་འཕར་བྱེད་ཚུལ་མངོན་གསལ་དོད་པས། དེས་འཛམ་གླིང་དཔལ་འབྱོར་འཕར་སྣོན་འགྲོ་རྒྱུར་འགུལ་ཤུགས་ཟམ་མི་ཆད་པ་མཁོ་འདོན་བྱས་ཡོད་པ་སྟེ། དེ་ཡང་གཅིག་ནས། ཀྲུང་གོས་ཚོང་ཟོག་འབོར་ཆེན་ནང་འདྲེན་བྱས་པ་བརྒྱུད། རྒྱལ་ཁབ་གཞན་གྱི་དཔལ་འབྱོར་འཕར་སྣོན་འགྲོ་རྒྱུར་རམ་འདེགས་བྱས་ཡོད་ལ། ཕྱོགས་གཞན་ཞིག་ནས། ཀྲུང་གོའི་ཁྲོམ་ར་ཆེན་པོས་ཕྱི་རྒྱལ་ཁེ་ལས་ཀྲུང་གོར་འཚོ་གནས་ཐུབ་རྒྱུར་གོ་སྐབས་གཏོད་པ་དང་ཆབས་ཅིག ཀྲུང་གོ་ནི་འཛམ་གླིང་ཐོག་གི་བཟོ་ལས་རྣམས་གྲངས་ཚང་མ་ཡོད་པའི་རྒྱལ་ཁབ་དེ་ཡིན་པས། མཁོ་སྤྲོད་སྦྲེལ་ཐག་གི་དགེ་མཚན་མངོན་གསལ་དོད་པོ་ཡོད། གཞན་ད་དུང་ཀྲུང་གོས་ཕྱི་རྒྱལ་ལ་མ་འཇོག་བྱས་པ་དེས་ཀྱང་འཛམ་གླིང་དཔལ་འབྱོར་འཕར་སྣོན་འགྲོ་རྒྱུར་གལ་ཆེའི་ནུས་པ་འདོན་སྤེལ་བྱས་ཡོད་པ་མཐོང་དགོས།

མིག་སྔར། སྲུང་སྐྱོབ་རིང་ལུགས་དང་། ཕྱོགས་རྐྱང་པའི་རིང་ལུགས་རྒྱུན་མཐུད་ངང་རྒྱ་ཁྱབ་འགྲོ་བའི་སྐབས་འདིར། འཛམ་གླིང་གི་ཐོན་ལས་ཆགས་སྟངས་དང་དངུལ་རྩའི་བརྟན་ལྷིང་རང་བཞིན་ལ་རྡུང་རྡེག་ཕོག་ནས། འཛམ་གླིང་དཔལ་འབྱོར་གྱི་གཏན་འཁེལ་མིན་པའི་རང་བཞིན་མངོན་གསལ་དོད་པོས་ཤུགས་ཆེར་ཕྱིན་ཡོད། འདི་ལྟ་བུའི་རྒྱབ་ལྗོངས་འོག ཀྲུང་གོས་བསྒྱུར་བཅོས་ཟབ་གཏོང་དང་། སྒོ་དབྱེ་རྒྱ་བསྐྱེད་ཟམ་མི་ཆད་པར་བྱས་ནས། འཛམ་གླིང་དཔལ་འབྱོར་གྱི་བརྟན་ལྷིང་ཡོ་ཆས་ཀྱི་ནུས་པ་མུ་མཐུད་འདོན་སྤེལ་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། འབྱུང་འགྱུར་ཀྲུང་གོས་མུ་མཐུད་རང་སོའི་ལས་དོན་ཁག་ལེགས་པོ་བསྒྲུབ་པ་དང་། མུ་མཐུད་བསྒྱུར་བཅོས་ཟབ་གཏོང་དང་། སྒོ་དབྱེ་རྒྱ་སྐྱེད་བྱས་ནས་འཛམ་གླིང་དཔལ་འབྱོར་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་ནས། འཛམ་གླིང་དཔལ་འབྱོར་འཕར་སྣོན་འགྲོ་རྒྱུར་ལེགས་སྐྱེད་གསར་པ་འབུལ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།