ཝང་ཆི་ཧྲན་སྐབས་བརྒྱད་པའི་འཛམ་གླིང་ཞི་བདེའི་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་གནང་བ་མ་ཟད་ཤིས་ཚིག་ཀྱང་གསུངས་པ།
སྤེལ་བའི་དུས་ཚོད། : 2019-07-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་8ཉིན་རྒྱལ་སྤྱིའི་སྒྲིག་སྲོལ་བརྟན་ལྷིང་བྱེད་པ་སྟེ། མཉམ་འཁུར་དང་མཉམ་སྐྱོང་། མཉམ་སྤྱོད་བཅས་ཀྱི་བརྗོད་དོན་གཙོ་བོའི་སྐབས་བརྒྱད་པའི་འཛམ་གླིང་ཞི་བདེའི་གླེང་སྟེགས་ཆིང་ཧྭ་སློབ་ཆེན་དུ་གཉེར་བ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་འགོ་ཚུགས་མཛད་སྒོར་ཞུགས་གནང་བ་མ་ཟད་ཤིས་ཚིག་ཀྱང་གསུངས་གནང་ཡོད།

ཝང་ཆི་ཧྲན་གྱིས། ཀྲུང་གོ་གསར་པ་དབུ་བརྙེས་ཚུན། ཀྲུང་གོའི་མི་དམངས་ནས་དཀའ་སྤྱད་འབད་འཐབ་བྱས་་པ་བརྒྱུད། ལྟོ་གོས་གཉིས་མི་འཛོམས་པ་ནས་སྒོ་ཀུན་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་བར་ལོ་རྒྱུས་ཀྱི་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། ཀྲུང་ཧྭ་མི་རིགས་ལ་རླབས་ཆེའི་བསྐྱར་དར་གྱི་འོད་སྣང་འཕྲོ་བའི་མདུན་ལྗོངས་བསུས་ཡོད། ཀྲུང་གོའི་གོང་འཕེལ་དེ་དག་འཛམ་གླིང་དང་ཁ་བྲལ་ཐབས་མེད་ལ། འཛམ་གླིང་གི་གོང་འཕེལ་ཡང་ཀྲུང་གོ་དང་ཁ་བྲལ་ཐབས་མེད། ཀྲུང་གོས་སྔར་བཞིན་ཞི་བའི་གོང་འཕེལ་འགྲོ་ལམ་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་རྒྱུ་དང་། ནམ་ཡང་ཧམ་འཛིན་མི་བྱེད་པ་དང་། ནམ་ཡང་རྒྱ་བསྐྱེད་མི་གཏོང་བ། ནམ་ཡང་སྟོབས་ཤུགས་ཀྱི་ཁྱབ་ཁོངས་མི་འཚོལ་བ་བཅས་བྱ་རྒྱུ་ཡིན། མིག་སྔའི་རྒྱལ་སྤྱིའི་སྒྲིག་སྲོལ་འགྱུར་ལྡོག་དང་ལེགས་སྒྲིག་བྱེད་པའི་མདུན་དུ། ཀྲུང་གོས་རྒྱལ་སྤྱིའི་འབྲེལ་བ་དང་མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་གསར་པ་སྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ཕྱོགས་མང་རིང་ལུགས་ཀྱི་རྨང་རྡོར་སྲུང་སྐྱོང་བྱ་རྒྱུ། ཐུན་མོང་གོང་འཕེལ་གྱི་ཐབས་ལམ་རྒྱ་བསྐྱེད་གཏོང་རྒྱུ། ཤེས་དཔལ་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་བཅས་བཏང་སྟེ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ཐུན་མོང་གི་འགྲན་རྩོད་གསར་པར་ཁ་གཏད་གཅོག་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། རྒྱལ་ཁབ་ཁག་གིས་ཞི་བའི་གོང་འེཕལ་གྱི་དད་སེམས་བརྟན་སྲུང་དང་། གཡོ་འགུལ་སྤུ་ཙམ་མེད་པའི་ཐོག་ནས་དཔལ་འབྱོར་འཛམ་གླིང་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། ཐུན་མོང་ཐོག་སྔར་བས་གཞུང་དྲང་ལུགས་མཐུན་དང་། བརྟན་ལྷིང་ཕན་འབྲས་ཡོད་པའི་རྒྱལ་སྤྱིའི་སྒྲིག་སྲོལ་འཛུགས་རྒྱུའི་རེ་འབོད་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མཚམས་གཅོད།