སྤྱི་ཟླ་དྲུག་པའི་ཟླ་མཇུག་ཏུ་རང་རྒྱལ་གྱི་ཕྱི་དངུལ་གྲབས་གསོག་གཞི་ཁྱོན་ཟླ་མཚུངས་ལས་ཨ་སྒོར་དུང་ཕྱུར་182མང་དུ་ཕྱིན་པ།
སྤེལ་བའི་དུས་ཚོད། : 2019-07-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་8ཉིན་རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུད་ཀྱིས་ཡོངས་བསྒྲགས་བྱས་པར། སྤྱི་ཟླ་དྲུག་པའི་ཟླ་མཇུག་བར་སླེབས་དུས། ཀྲུང་གོའི་ཕྱི་དངུལ་གྲབས་གསོག་བྱེད་ཚད་ཨ་སྒོར་དུང་ཕྱུར་གསུམ་ཁྲི་ཆིག་སྟོང་བརྒྱ་དང་དགུ་བཅུ་གོ་གཉིས་ཟིན་པ་དེ། ཟླ་བ་གོང་མའི་ཟླ་མཚུངས་ལས་ཨ་སྒོར་དུང་ཕྱུར་182མང་དུ་ཕྱིན་ནས། ན་ནིང་སྤྱི་ཟླ་ལྔ་པའི་ཚུན་གྱི་མཐོ་ཚད་གསར་པ་གཏོད་ཡོད་པ་རེད།

རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུད་ཀྱི་གསར་འགྱུར་མགྲིན་ཚབ་པ། སྤྱི་ཁྱབ་དཔལ་འབྱོར་ཆེད་ལས་པ་ཝང་ཁྲུན་དབྱིང་གིས། སྤྱི་ཟླ་དྲུག་པར། འཛམ་གླིང་ཉོ་ཚོང་དུས་བབ་དང་། རྒྱལ་ཁབ་གཙོ་བོའི་ཀྲུང་དབྱང་དངུལ་ཁང་གི་དངུལ་ལོར་སྲིད་ཇུས་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པས། ཨ་སྒོར་གྱི་སྟོན་གྲངས་ཆག་པ་དང་། རྒྱལ་སྤྱིའི་དངུལ་རྩའི་ཁྲོམ་རའི་མ་དངུལ་རིན་གོང་འཕར་ཡོད་པ་རེད། དངུལ་བརྗེའི་ཕབ་རྩིས་དང་རྒྱུ་ནོར་རིན་གོང་འགྱུར་ལྡོག་སོགས་རྒྱུ་རྐྱེན་གྱི་ཐུན་མོང་ནུས་པས། ཕྱི་དངུལ་གྲབས་གསོག་གྱི་གཞི་ཁྱོན་འཕར་སྣོན་ཏོག་ཙམ་བྱུང་ཡོད་ཅེས་བསྟན་ཡོད། ཀྲུང་གོའི་དངུལ་རྩའི་དུས་བཅད་ཚོང་ཟོག་ཉོ་ཚོང་ཁང་ཞིབ་འཇུག་ཁང་གི་དབུ་ཞུགས་དཔལ་འབྱོར་རིག་པ་མཁས་ཅན་ཀྲའོ་ཆིང་མིང་གིས། ད་དུང་ཁེ་སྤོགས་ཁག་ཅིག་བུ་ལོན་རིན་གོང་འཕར་བའི་ཤུགས་རྐྱེན་ལས་བྱུང་བས། དེར་ལེགས་སྐྱེས་ཕུལ་བའི་ཕྱི་དངུལ་གྲབས་གསོག་ལྷག་གྲངས་ཀྱི་འཕར་ཚད་ཚོད་རྩིས་བྱས་ན་ཨ་སྒོར་དུང་ཕྱུར་150ལས་ཉུང་བ་ཡོད་ཅེས་གསུངས་ཡོད་པ་རེད།

ཕྱི་དངུལ་གྲབས་གསོག་ནང་མི་དམངས་ཤོག་སྒོར་གྱི་འཛའ་ཐང་འཕར་བ་དང་ཨ་སྒོར་གྱི་དངུལ་བརྗེའི་འཛའ་ཐང་ཆག་པའི་རྒྱབ་ལྗོངས་འོག སྤྱི་ཟླ་ལྔ་པ་དང་དྲུག་པ་ཁག་སོ་སོར་ཨ་སྒོར་དུང་ཕྱུར་61དང་ཨ་སྒོར་དུང་ཕྱུར་182འཕར་སྣོན་བྱུང་ཡོད། ཧྲེན་ཝན་ཧུང་ཡོན་འཛིན་ལོར་གཏན་ཆགས་ཁེ་སྤོགས་སྤྱི་ཁྱབ་པུའི་སྤྱི་ཁྱབ་སྤྱི་གཉེར་གཞོན་པ་ཧྥན་ཝེ་ཡིས་ངོས་འཛིན་གནང་བར། སྤྱི་ཟླ་6པ་ཧྲིལ་པོར། ཨ་རིའི་བུ་ལོན་ཁྲོམ་ར་དང་རྐང་དངུལ་ཁྲོམ་ར་གང་ཡིན་རུང་དཔལ་འབྱོར་འཕར་བའི་རྣམ་པ་ཐོན་ཡོད། གནས་ཚུལ་དེ་འདྲའི་འོག མ་དངུལ་གྲབས་གསོག་ཁྲོད་ཀྱི་དངུལ་རྩའི་རྒྱུ་ནོར་ཁག་ཅིག་གི་རིན་གོང་དང་རིན་ཐང་ལ་ཡང་འཕར་སྣོན་འགྲོ་བའི་རྣམ་པ་ཐོན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མཚམས་གཅོད།