འོས་འགན་སློབ་གསོའི་སྤུས་ཚད་མཐོར་འདེགས་ཀྱི་བསམ་འཆར་སྤེལ་འདུག
སྤེལ་བའི་དུས་ཚོད། : 2019-07-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་སློབ་གསོ་སློབ་ཁྲིད་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་འོས་འགན་སློབ་གསོའི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་པར་འགྲེམ་བྱས་པ།

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་སློབ་གསོ་སློབ་ཁྲིད་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། འོས་འགན་སློབ་གསོའི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་པར་འགྲེམ་བྱས་ཡོད། བསམ་འཆར་ལ་ཁྱོན་རྣམ་གྲངས་6་དང་དོན་ཚན་26ཡོད། བསམ་འཆར་ནང་། སློབ་གསོ་སློབ་ཁྲིད་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། འོས་འགན་སློབ་གསོའི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བར། ཚན་རིག་དང་མཐུན་པའི་སློབ་གསོའི་སྤུས་ཚད་ལྟ་བ་འཛུགས་པ་དང་། བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། སྤྱོད་ཤེས་ལུས་མཛེས་ངལ་བཅས་ལྔ་ཁྱོན་ཡོངས་ནས་གསོ་སྐྱོང་བྱེད་པའི་སློབ་གསོའི་མ་ལག་འཛུགས་པ། སྤྱོད་སྐྱོང་མི་གསོའི་དོན་འཁྱོལ་སྒྲིག་གཞི་འཐུས་ཚང་འཛུགས་པ། ཕུགས་བསམ་འདུ་ཤེས་བརྟན་དུ་གཏོང་བ་དང་། རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་སྐྱོང་སྤེལ། ཀུན་སྤྱོད་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ། མཐོང་རྒྱ་དང་ཐོས་རྒྱ་ཆེ་རུ་གཏོང་བ། འབད་འཐབ་སྙིང་སྟོབས་གསོ་སྐྱོང་བྱེད་པ། ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཐད་འབད་བརྩོན་ཆེར་སྐྱེད་བྱེད་དགོས། ཀུན་སྤྱོད་སློབ་གསོ་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས། སློབ་མས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། སློབ་མའི་མི་ཚེ་གཅིག་གི་ཡར་རྒྱས་ལ་རྨང་གཞི་འདིང་དགོས། ཚང་མར་ཁ་ཕྱོགས་རྒྱུ་རྒྱུན་འཁྱོངས་བྱས་ནས། སློབ་གྲྭ་རེ་རེ་བཞིན་ཡག་པོ་གཉེར་བ་དང་། སློབ་མ་མི་རེ་ངོ་རེ་གསོ་སྐྱོང་ཡག་པོ་བྱེད་དགོས། ཤེས་སྤྱོད་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། སློབ་མ་རྣམས་འཚོ་བ་དང་སློབ་སྦྱོང་གི་བདག་པོར་འགྱུར་བ་བྱེད་དགོས་ཞེས་བསྟན་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཚེ་དགའ།
ཞུ་དག རྒྱལ་པོ།
ཡིག་སྒྱུར། བྱམས་པ་ཚེ་རིང་།