ཞི་ཅིན་ཕིང་དང་ལི་ཁེ་ཆང་གིས་ཁོང་ལ་རྟེན་འབྲེལ་འཕྲིན་ཡིག་བསྐུར་འདུག
སྤེལ་བའི་དུས་ཚོད། : 2019-07-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཞི་ཅིན་ཕིང་དང་ལི་ཁེ་ཆང་གིས་གློག་འཕྲིན་བཏང་ནས་སྨི་ཞེར་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ།

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་7ཉིན་ཞ་ཨེར་སྨི་ཞེར་ལ་གློག་འཕྲིན་བཏང་གནང་ནས། ཁོང་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་སྐབས་གསར་པའི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་གནང་ཡོད།

ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་། མིག་སྔར་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་ཡོད་ཅིང་། ཕྱོགས་གཉིས་པོའི་བང་རིམ་ཁག་བར་འགྲོ་འོང་དམ་ཟབ་ཡོད་པ་དང་། དངོས་སྒྲུབ་མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ། མི་ཆོས་རིག་གནས་སྤེལ་རེས་གསོན་ཉམས་དོད་པ། འཛམ་གླིང་བྱ་དོན་ནང་གི་མཐུན་སྦྱོར་མཉམ་ལས་ལ་ཕན་འབྲས་ཆེན་པོ་ཐོན་བཞིན་ཡོད། ཀྲུང་གོ་དང་ཡོ་རོབ་འབྲེལ་བ་ཡུན་རིང་བརྟན་པོའི་ངང་གོང་འཕེལ་གཏོང་རྒྱུ་དེ་ཕྱོགས་གཉིས་པོའི་ཐུན་མོང་ཁེ་ཕན་དང་འཚམ་པ་མ་ཟད་འཛམ་གླིང་གི་ཞི་བདེ་དར་རྒྱས་ལའང་ཕན་ཐོགས་ཡོད་པ་ཞིག་ཡིན། ཀྲུང་གོའི་ཕྱོགས་ནས་ཡོ་རོབ་གླིང་གིས་རྒྱལ་སྤྱིའི་བྱ་དོན་ནང་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་རྒྱབ་སྐྱོར་ཞུ་བཞིན་ཡོད། ང་རང་ནས་ཀྲུང་གོ་དང་ཡོ་རོབ་འབྲེལ་བ་གོང་འཕེལ་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། ཀྲུའུ་ཞི་སྨི་ཞེར་དང་ལྷན་དུ་འབད་བརྩོན་བྱས་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་ཞི་བདེ་དང་། འཕར་སྣོན། བསྒྱུར་བཅོས། ཤེས་དཔལ་བཅས་རོགས་ཟླ་ཆེན་པོ་བཞིའི་འབྲེལ་བ་ཟམ་མི་ཆད་པར་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཡོ་རོབ་མི་དམངས་ལ་བདེ་སྐྱིད་སྐྲུན་པ། འཛམ་གླིང་གོང་འཕེལ་དང་བརྟན་ལྷིང་ཆེད་དུ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་བསྟན་གནང་ཡོད།

ཉིན་དེ་རང་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྱང་སྨི་ཞེར་ལ་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས་ཡོད། ལི་ཁེ་ཆང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་། ཀྲུང་གོའི་ཕྱོགས་ནས་ཡོ་རོབ་ཕྱོགས་དང་ལྷན་དུ་འབད་བརྩོན་བྱས་ནས། མིག་སྔའི་ཀྲུང་གོ་དང་ཡོ་རོབ་འབྲེལ་བའི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ་། ཀྲུང་གོ་དང་ཡོ་རོབ་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟམ་མི་ཆད་པར་སྐས་རིམ་གསར་པར་འཛེགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་འཁོད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཚེ་དགའ།
ཞུ་དག རྒྱལ་པོ།
ཡིག་སྒྱུར། རིན་ཆེན་དབང་འདུས།