ཉོ་ཚོང་དམག་འཐབ་ཁྲོད་ཀྲུང་གོ་དང་ཨ་རི་གཉིས་སུ་གྱོང་གུན་ཆེ།
སྤེལ་བའི་དུས་ཚོད། : 2019-07-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ལྗར་པན་གྱི་གཙོ་རྒྱུན་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོའི་ཟླ་4པའི་ཟླ་མཇུག་བར་ཀྲུང་ཨ་ཕྱོགས་གཉིས་པོས་དཔྱ་ཁྲལ་ཐེངས་གསུམ་འཕར་བསྡུ་བྱས་རྗེས་རྒྱལ་ཁབ་གཉིས་པོའི་ཕྱིར་གཏོང་བསྡོམས་འབོར་དེ་ཚོང་དོན་དམག་འཐབ་མ་བརྒྱབ་གོང་དང་བསྡུར་ན་ཆེས་ཆེར་ཆག་པ་དང་། ཨ་རི་ཕྱོགས་ཀྱི་གྱོང་གུན་ཀྲུང་གོ་ཕྱོགས་ལས་ཆེ་བ་ཡོད།

ན་ནིང་ཟླ་7ཚེས་6ཉིན་ཨ་རིས་ཁག་དང་པོའི་རིན་ཐང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་340ཟིན་པའི་ཀྲུང་གོའི་ཚོང་ཟོག་ལ་སྒོ་ཁྲལ་25%མང་དུ་བཏང་བ་རེད། ཀྲུང་གོས་དེ་རྗེས་ངོ་རྒོལ་གྱི་བྱེད་ཐབས་སྤྱད་དེ་ཚོང་དོན་དམག་འཐབ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་དང་། རྒྱལ་ཁབ་གཉིས་པོའི་ཚོང་དོན་གྲངས་གཞིར་བལྟས་ཚེ་ཚོང་དོན་འཐབ་རྩོད་ཀྱི་ཤུགས་རྐྱེན་ཇི་འདྲ་ཆེ་བ་ཤེས་རྟོགས་བྱེད་ཐུབ། 《ལྗར་པན་གྱི་དཔལ་འབྱོར་གསར་འགྱུར》གྱི་དབྱེ་ཞིབ་གྲངས་གཞི་ལས་མངོན་པར་གཞིགས་ན། སྒོ་ཁྲལ་འཕར་བསྡུ་བྱས་པའི་ཀྲུང་གོའི་ཚོང་ཟོག་ཨ་རིར་ཕྱིར་གཏོང་བྱེད་ཚད་14%ཆག་པ་དང་། ཉོ་ཚོང་དངུལ་ཨ་སྒོར་དུང་ཕྱུར་180ཉུང་དུ་ཕྱིན་ཡོད་ལ། དེས་ཨ་རིར་ཕྱིར་གཏོང་བྱེད་ཚད་ཀྱི་ལོ་ཧྲིལ་པོའི་3%བཟུང་ཡོད་པ་རེད། ཨ་རིའི་ཕྱིར་གཏོང་བྱེད་ཚད་38%ཟིན་པ་དང་ཉོ་ཚོང་དངུལ་ཨ་སྒོར་དུང་ཕྱུར་1.5ཉུང་དུ་ཕྱིན་ཡོད། ད་བར་ཀྲུང་གོས་ཨ་རིར་ཕྱིར་གཏོང་དང་ཨ་རིའི་ཀྲུང་གོར་ཕྱིར་གཏོང་བྱེད་པའི་70%ལ་སྒོ་ཁྲལ་འཕར་མ་བསྡུས་ཡོད།

གྲངས་གཞི་ལས་མངོན་པ་ལྟར་ན། ཨ་རིའི་གྱོང་གུན་ཅུང་ཚབས་ཆེན་རེད། ཀྲུང་གོས་ཨ་རིའི་ཚོང་ཟོག་ལ་སྒོ་ཁྲལ་བསྣན་རྗེས་ཨ་རིས་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་ཉུང་དུ་ཕྱིན་པ་དང་། ན་ནིང་ལོ་མཇུག་གི་དུས་མཚུངས་ལས་ཨ་སྒོར་དུང་ཕྱུར་40ཙམ་ཉུང་དུ་ཕྱིན་ཡོད་པ་རེད། ཀྲུང་གོས་ཨ་རིར་ཕྱིར་གཏོང་བྱས་པའི་ཤུགས་རྐྱེན་དེ་ཟླ་བ་བཞིའི་རྗེས་སུ་ད་གཟོད་མངོན་པ་དང་། ད་ལོའི་ལོ་འགོའི་བར་ཨ་རི་དང་མཚུངས་པར་ཨ་སྒོར་དུང་ཕྱུར་40ལྷག་ཙམ་ཉུང་དུ་ཕྱིན་ཡོད།

པི་ཏེ་སེན་རྒྱལ་སྤྱིའི་དཔལ་འབྱོར་ཞིབ་འཇུག་ཁང་གི་མཐོ་རིམ་ཞིབ་འཇུག་པ་ཧོ་ཕུའུ་པའོ་ཨེར་གྱིས། ཤུགས་རྐྱེན་བཟོ་བའི་དུས་ཚོད་ཧེ་བག་ཡོད་པ་དང་། དེ་ནི་ཀྲུང་གོ་དང་ཨ་རིའི་དབར་གྱི་རྣམ་པ་མི་འདྲ་བའི་རྐྱེན་གྱིས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ཀྲུང་གོས་སྒོ་ཁྲལ་འཕར་མ་བསྡུ་བ་དེ་གཙོ་བོ་ཨ་རིའི་ཞིང་ལས་ཐོན་རྫས་དང་དེ་བཞིན་འབུད་རྫས་ལ་དམིགས་པ་དང་། དེ་དག་ཚང་མ་རྒྱལ་ཁབ་གཞན་ནས་ཉོ་སྒྲུབ་བྱེད་པར་བསྒྱུར་ཆོག ཨ་རིས་ཀྲུང་གོ་ནས་ནང་འདྲེན་བྱས་པའི་ཐོན་རྫས་མང་ཆེ་བ་དམིགས་བསལ་གྱི་ཐོན་རྫས་ཡིན་པས་རིན་གོང་དམའ་མོས་རྒྱལ་ཁབ་གཞན་ནས་ཉོ་མི་ཐུབ། དེའི་ནང་གནོན་འཕྲི་སྟེམ་སྒོ་དང་གློག་ཐག་སོགས་བཟོ་ལས་རྒྱུ་ཆ་ཚུད་ཡོད།

སྒོ་ཁྲལ་འཕར་མ་བསྡུ་རྒྱུ་རྒྱུན་མཐུད་བྱུང་སྲིད་པ་དང་། མ་མཐར་ཡང་དུས་ཐུང་ནང་མེད་པར་བཟོ་མི་ཐུབ་པས། ཀྲུང་གོ་དང་ཨ་རིའི་ཕྱིར་གཏོང་ཚོང་པས་སྒོ་ཁྲལ་གྱི་མིང་ཐོ་ནག་པོའི་ནང་བཅུག་པའི་ཚོང་ཟོག་ལས་མི་གཡོལ་ཐབས་མེད་བྱུང་པ་མ་ཟད། ཐབས་བརྒྱ་ཇུས་སྟོང་གིས་མ་གནས་དམའ་རུ་བཏང་ནས་དཀའ་གནད་ལས་སྒྲོལ་ཐབས་བྱས་པ་རེད།

ཀྲུང་གོ་དང་ཨ་རིའི་ཉོ་ཚོང་དམག་འཐབ་ཀྱིས་ད་དུང་རྒྱལ་སྤྱིའི་ཉོ་ཚོང་གི་གནས་བབ་ལ་འགྱུར་ལྡོག་བཏང་ནས་རྒྱལ་ཁབ་ཁ་ཤས་ལ་སེམས་ཁྲལ་ཆེན་པོ་བྱེད་དུ་བཅུག་ཡོད། དཔེར་ན། ཟླ་5པར་པར་ཙིར་སྲོག་ཆགས་སྤྲི་དཀར་མཐུན་ཚོགས་ལ་སོ་ཏི་ཨ་རབ་གཞུང་ཚབ་ཆེ་མོ་ཁང་གི་ཁ་པར་འབྱོར་ནས། སོ་ཏི་ཨ་རབ་ནས་པར་ཙིར་གྱིས་ཀྲུང་གོར་ཟས་རིགས་ཕྱིར་གཏོང་བྱེད་ཚད་མང་དུ་ཕྱིན་པས། པར་ཙིར་གྱིས་སོ་ཏི་ཨ་རབ་ལ་བཟའ་བཅའ་ཕྱིར་གཏོང་བྱེད་ཚད་ཉུང་དུ་འགྲོ་བའི་སེམས་ཁྲལ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད། ཉོ་ཚོང་དམག་འཐབ་འགོ་ཚུགས་རྗེས་ཀྲུང་གོས་ཨ་རིའི་ཞིང་ལས་ཐོན་ཟོག་དོར་ནས་པར་ཙིར་ནས་ནང་འདྲེན་བྱས་པ་རེད།

ཉོ་ཚོང་དམག་འཐབ་ཀྱིས་ཞིང་ལས་ཐོན་རྫས་དང་ཐོན་ཁུངས་ཕུན་སུམ་ཚོགས་པའི་རྒྱལ་ཁབ་ལ་སྐབས་བསྟུན་ཁེ་གཉེར་བྱེད་དུ་བཅུག་པ་ཁོ་ན་མ་ཡིན་པར། ཝེ་ཐེ་ནམ་དང་མོ་ཞི་ཁོ་སོགས་ཀྱིས་ཀྱང་ཀྲུང་གོའི་མཁོ་འདོན་ཚོང་པའི་ཚབ་བྱས་ནས་གློག་རྡུལ་ཡོ་ཆས་དང་འཕྲུལ་ཆས་དེ་བས་མང་བ་ཨ་རིར་ཕྱིར་གཏོང་བྱེད་ཀྱི་ཡོད། ཀྲུང་གོས་སྒོ་ཁྲལ་འཕར་མ་བསྡུས་རྗེས་ཨ་རིའི་འབུད་རྫས་ཕྱིར་གཏོང་བྱེད་ཚད་50%ལྷག་ཙམ་ཆག་པ་དང་། སོ་ཏི་ཨ་རབ་དང་ཨུ་རུ་སུའི་འབུད་རྫས་ཕྱིར་གཏོང་བྱེད་ཚད་སོ་སོར་51%དང་40%འཕར་ཡོད།

ཨ་རི་དང་ཀྲུང་གོའི་འགོ་ཁྲིད་པས་ཉོ་ཚོང་གྲོས་མོལ་ལ་འཐད་པ་བྱུང་ཡོད་པ་དང་། ཀྲུང་གོའི་ཚོང་དོན་པུའུ་ཡི་མགྲིན་ཚབ་པས་ཉེ་ཆར་ཕྱོགས་གཉིས་ཀྱིས་གྲོས་མཐུན་བྱུང་ན། ཨ་རི་ཕྱོགས་ཀྱིས་བསྡུ་ལེན་བྱས་པའི་སྒོ་ཁྲལ་ངེས་པར་དུ་མེད་པར་བཟོ་དགོས་ཞེས་བསྐྱར་དུ་བཤད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།