མཚོ་སྔོན་དགོན་ལུང་གིས་བཙོག་ཆུ་བཤངས་ནས་སྔོ་ལྗང་མཛེས་ལྗོངས་ཁུལ་བཏོད་པ།
སྤེལ་བའི་དུས་ཚོད། : 2019-07-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ས་ཁོངས་དེའི་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་ཆེད། 2017ལོར་དགོན་ལུང་རྫོང་གིས་མ་དངུལ་སྒོར་ཁྲི་7000ལྷག་ཙམ་བཏང་བ།

ངོ་སྤྲོད་བྱས་པར་གཞིགས་ན། ཕྱོགས་མང་པོའི་འབད་བརྩོན་འོག ཧྲ་ཐང་ཁྲོན་ཆུ་བོའི་ཆུའི་སྤུས་ཚད་2015ལོའི་སྤུས་ཚད་ཞན་པའི་རིགས་Vནས་2018ལོའི་རིགས་IIIབར་རིམ་པ་མཐོ་རུ་ཕྱིན་པས་སྣོད་བཅུད་ཁོར་ཡུག་ལེགས་སུ་ཤུགས་ཆེན་ཕྱིན་ཡོད།

ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཞུང་དོན་ཐིང་གིས་སྣེ་ཁྲིད་པའི“ཀྲུང་ཧྭ་ཡི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད”ཀྱི་བཅར་འདྲི་ཚོགས་ཆུང་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་དུ་བསྐྱོད་དེ། ས་གནས་ས་ཐོག་ནས་ཁུལ་དེའི་རྒྱུག་ཆུའི་སྣོད་བཅུད་ཉམས་བཟོའི་སྐོར་ཤེས་རྟོགས་བྱས་པ་རེད།

དགོན་ལུང་ནི་རྒྱལ་ཡོངས་ཀྱི་ཧོར་རིགས་རང་སྐྱོང་རྫོང་གཅིག་པུ་དེ་ཡིན་པ་དང་། ཧོར་རིགས་བུད་མེད་ཀྱི་གྱོན་གོས་མཛེས་ལ་སྣ་ཁ་མང་བའི་ཁར། དམིགས་བསལ་གྱི་ཁྱད་ཆོས་ལྡན་པས་དེ་གར“འཇའ་ཚོན་གྱི་ཕ་ཡུལ”ཞེས་བརྗོད་ཀྱི་ཡོད།

ས་ཁོངས་དེའི་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་ཆེད། 2017ལོར་དགོན་ལུང་རྫོང་གིས་མ་དངུལ་སྒོར་ཁྲི་7000ལྷག་ཙམ་བཏང་ནས་མའོ་སི་མཚོའི་སྣོད་བཅུད་སྲུང་སྐྱོང་དང་བེད་སྤྱོད་ཀྱི་ལས་གྲྭའི་རྣམ་གྲངས་ལག་བསྟར་བྱས་པ་སྟེ། ཕྱོགས་གཅིག་ནས་བཙོག་འབུད་གཙང་སེལ་གྱིས་སྟོད་རྒྱུད་ཆུ་ཁོངས་དང་ཉེ་འགྲམ་ཁོར་ཡུག་གི་ལྟ་སྐུལ་ཚོད་འཛིན་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། ཆུ་འགོ་ནས་བཙོག་ཆུ་དང་གད་སྙིགས་མེད་པར་བཟོས་པ་དང་། ཕྱོགས་གཞན་ཞིག་ནས་མཚོ་ངོས་རྒྱ་ཆེར་བཏང་སྟེ་ཕན་ཚུན་སྦྲེལ་བ་མ་ཟད། ད་དུང་རྫོང་དེའི་པད་མ་ཏིང་ཤང་དང་རྒྱ་ཡེ་སོགས་སུ་ལྕང་མ་བཏབ་ནས་མཚོ་ཁུལ་གྱི་རྣམ་པ་ཧྲིལ་པོ་ལེགས་སུ་བཏང་བ་རེད།

ལོ་གཉིས་འབད་བརྩོན་བྱས་པ་བརྒྱུད། ད་ཆ་མའོ་སི་མཚོར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། རྒྱང་རིང་ནས་བལྟས་ཚེ་ལྗང་མདོག་གི་མཚོ་དང་། དམར་མདོག་གི་བགྲོད་ལམ། ཚོན་མདོག་སྣ་ཚོགས་ཀྱི་སྐྱེ་དངོས་བཅས་གཅིག་ཏུ་བསྡུས་ནས་དར་ཚོན་ཞིག་དང་འདྲ་བར་དགོན་ལུང་རྫོང་གྲོང་དུ་རྒྱུག་བཞིན་ཡོད།

ཙོང་ཆུ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཡན་ལག་ཆུ་བོ་ཞིག་ཡིན་པ་དང་། དེའི་ཁུལ་དུ་མཚོ་སྔོན་ཞིང་ཆེན་གྱི་མི་འབོར་གསུམ་ཆ་གཉིས་ཙམ་གཅིག་ཏུ་བསྡུས་ནས“མཚོ་སྔོན་གྱི་མ་ཡུམ་གཙང་པོ”ཞེས་བརྗོད་ཀྱི་ཡོད། དགོན་ལུང་རྫོང་ཁོངས་ཀྱི་རྒྱུག་ཆུ་མང་པོ་ཙོང་ཆུའི་ནང་རྒྱུག་གི་ཡོད་པས། རྒྱུག་ཆུ་དེའི་ཆུ་སྤུས་ཀྱིས་རྨ་ཆུའི་ཆུ་སྤུས་ལ་ཤུགས་རྐྱེན་ཕོག་གི་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁུང་ཞའོ་ཡུས་ཀྱིས། གསོ་ཚགས་ལས་རིགས་ནི་དགོན་ལུང་རྫོང་གི་ཐོན་ལས་གལ་ཆེན་ཞིག་ཡིན་པ་དང་། རྫོང་ཁོངས་ཀྱི་ཙོང་ཆུ་རྒྱུག་ཁུལ་དུ་སྒོ་ཕྱུགས་དང་ཁྱིམ་བྱའི་གསོ་ཚགས་ར་བ་32ཡོད། རྒྱུག་ཆུའི་སྤུས་ཚད་སྲུང་སྐྱོང་བྱ་ཆེད། 2017ལོར་དགོན་ལུང་རྫོང་ཁོངས་ཀྱི་ཙོང་ཆུའི་ཆུ་ཕྲན་ཧྲ་ཐང་ཁྲོན་ཆུ་བོའི་ངོགས་གཉིས་ཀྱི་སྨི་400ཡི་ཁྱབ་ཁོངས་ནང་གསོ་ཚགས་བྱེད་མི་ཆོག་པ་བཟོས་པ་དང་། གསོ་ཚགས་ར་བ་32གནས་སྤོ་དང་ཐོན་ལས་གཞན་སྒྱུར་སོགས་ཀྱི་རྣམ་པའི་ཐོག་ནས་ལེགས་སྒྲིག་བྱས་ཡོད།

“ཧྲ་ཐང་ཁྲོན་ཆུ་བོའི་ངོགས་གཉིས་ཀྱི་གསོ་ཚགས་ར་བ་25ལ་དཔེ་བཞག་ན། གཙང་པོ་དང་བར་ཐག་རིང་བའི་སར་སྲིད་གཞུང་གིས་རིན་མེད་ངང་གསོ་ཚགས་གནས་སྤོ་བྱ་ཡུལ་མཁོ་འདོན་བྱས་པ་དང་། ཐོན་ལས་གཞན་སྒྱུར་བྱེད་འདོད་ཡོད་པའི་གསོ་ཚགས་དུད་ཚང་ལ་སྲིད་གཞུང་གིས་གསོ་ཚགས་ཁང་འདེབས་འཛུགས་རྟེན་གཞིར་བསྐྱར་སྐྲུན་བྱེད་རོགས་བྱས་ཏེ། ཤ་མོང་དང་པད་ཁ་སོགས་སྐྱེ་དངོས་བཏབ་ནས་གཙང་པོར་བཙོག་སྐྱོན་ཆུང་དུ་གཏོང་གང་ཐུབ་བྱས་ཡོད”ཅེས་དགོན་ལུང་རྫོང་སྣོད་བཅུད་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་ཧྲེང་ཧྥང་མིན་གྱིས་བཤད།

“དང་ཐོག་གད་སྙིགས་ཧ་ཅང་མང་པོ་ཡོད་པས། ཉིན་གཅིག་ལ་འགྱིག་ཕད་ལྔ་དྲུག་ཙམ་སྒྲུག་དགོས་ཀྱི་ཡོད། ང་ཚོས་ཉིན་ལྟར་གད་སྙིགས་སྒྲུག་པ་དང་། གཙང་པོར་སྐོར་གཡེང་བྱས་ནས་ཚུལ་མིན་བྱེད་སྤྱོད་བཀག་འགོག་བྱས་པས། གྲོང་མིའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་རིམ་བཞིན་ཟབ་ཏུ་ཕྱིན་ཡོད། ད་ཆ་ཉིན་གཅིག་ལ་གད་སྙིགས་མང་ཤོས་ལའང་འགྱིག་ཕད་ཕྱེད་ཀ་ལས་སྒྲུག་དགོས་ཀྱི་མེད”ཅེས་དགོན་ལུང་རྫོང་ཁྲོན་ཐང་གྲོང་རྡལ་ཧྲན་ཁྲེང་གྲོང་ཚོའི་གྲོང་མི་ཧྲི་ཏེ་ཤང་གིས་བཤད། ཁོང་གིས་སྔོ་ཚལ་འདེབས་འཛུགས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། ད་ཆ་སྔོ་ཚལ་འདེབས་པ་ཕུད་ད་དུང་ཧྲ་ཐང་ཁྲོན་གྱི་ཆུ་འགྲམ་དུ་སྐོར་གཡེང་གཙང་སྦྲ་བྱེད་པའི་འགན་གཅིག་ལྕོགས་འཁུར་གྱི་ཡོད་ཅེས་བཤད།

དགོན་ལུང་རྫོང་ཆུ་དོན་ཅུས་ཀྱི་ཅུས་ཀྲང་ཅང་ཧྥ་ལུང་གིས། ཆུ་མཚོ་དོ་དམ་སྲུང་སྐྱོང་ལ་ཤུགས་སྣོན་དང་ཆུའི་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་ཆེད། དགོན་ལུང་རྫོང་གིས་རིམ་པ་བཞིན་དམིགས་ཚད་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་ནས་ཆུ་བོར་སྐོར་གཡེང་བྱེད་རིང་ཐོན་པའི་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཡོད། མིག་སྔར། དགོན་ལུང་རྫོང་དུ་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་ཆུ་དཔོན་355དང་། མཚོ་དཔོན་171 གཙང་པོར་སྐོར་གཡེང་གཙང་སྦྲ་བྱེད་མཁན་300བཅས་བཀོད་སྒྲིག་བྱས་ཡོད་པ་དང་། ཆུ་ལམ་རྒྱུད་དུ་སྤྱི་བསྒྲགས་བྱང་བུ་370བཟོས་པས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་དུ“ཆུ་དཔོན་དང་མཚོ་དཔོན་ལམ་ལུགས”ཕྱོགས་ཡོངས་ནས་ཁྱབ་ཡོད་ཅེས་ངོ་སྤྲོད་བྱས།

ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།