ཞི་ཅིན་ཕིང་གིས་ལས་ཁུངས་སྒྱུར་བཅོས་ཐད་གནང་བའི་གསུང་བཤད་ལ་ལན་ཆ་བཟང་པོ་བྱུང་།
སྤེལ་བའི་དུས་ཚོད། : 2019-07-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

༄༅།།ཉམས་མྱོང་ཕྱོགས་བསྡོམས་དང་། གྲུབ་འབྲས་སྲ་བརྟན་བཏང་ནས། ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་རྣམ་པ་གསར་པ་གཏོད་པ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཕྱོགས་བསྡོམས་ཚོགས་འདུའི་ཐོག་གནང་བའི་གལ་ཆེའི་གསུང་བཤད་ལ་ལན་ཆ་བཟང་པོ་བྱུང་བ།

སྤྱི་ཟླ་༧པའི་ཚེས་༥ཉིན་སྐོང་ཚོགས་བྱས་པའི་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཕྱོགས་བསྡོམས་གྲོས་ཚོགས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གལ་ཆེའི་གསུང་བཤད་གནང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཐད་གྲུབ་འབྲས་གལ་ཆེན་ཐོབ་པ་དང་རྩ་ཆེའི་ཉམས་མྱོང་བྱུང་བར་གདེང་འཇོག་གང་ལེགས་གནང་ཡོད་ལ། ལས་ཁུངས་སྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་གནང་ཡོད། ས་གནས་ཁག་གི་ལས་བྱེད་མང་ཚོགས་ཚོས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱི་བླང་བྱ་ལྟར། མུ་མཐུད་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ། ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་རྣམ་པ་གསར་པ་གཏོད་རྒྱུ་ཡིན་པའི་རྣམ་པ་བསྟན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་། ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བྱ་སྤྱོད་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་གཅིག་སྡུད་བྱ་སྤྱོད་ཐེངས་གཅིག་ཀྱང་ཡིན་ཞེས་ནན་གསུངས་གནང་ཡོད།

ལོ་གཅིག་ལྷག་ཙམ་རིང་། ས་གནས་ཁག་དང་ཚན་པ་ཁག་གིས་རྩ་ཆེའི་ཉམས་མྱོང་འཚོལ་ཞིབ་དང་གསོག་འཇོག་བྱས་ཡོད། རྫོང་དང་ཤང་གི་ཚན་པ་དང་ལས་ཁུངས་ཀྱི་བཀོད་སྒྲིག་ཐད། ཀྲེ་ཅང་གིས་བརྒྱུད་རིམ་བསྐྱར་བཟོ་བྱ་རྒྱུར་སྐུལ་འདེད་བཏང་ནས། ཁྲིམས་འཛིན་གཙོ་གནད་གཞི་རིམ་དུ་བསྐྱལ་ཏེ། གཞི་རིམ་གྱི་ཁྲིམས་འཛིན་དཀའ་གནད་འབད་བརྩོན་ཆེན་པོས་ཐག་གཅོད་བྱས་ཡོད། ཀྲེ་ཅང་ཞིང་ཨུད་སྒྲིག་ཁོངས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཁྲེན་ཅན་ཧོང་གིས། ཞིང་ཆེན་རིམ་པར་རྒྱ་མཚོའི་ཉ་ལས་དང་། སྨན་རྫས་ཀྱི་དམིགས་བསལ་ཁྲིམས་འཛིན་དཔུང་ཁག་གཉིས་འཇོག་པ་ཕུད། སྲིད་འཛིན་ཁྲིམས་འཛིན་འགན་ནུས་གཞན་གཙོ་བོ་གྲོང་ཁྱེར་དང་རྫོང་ནས་འཁུར་རྒྱུ་ཡིན། དུས་མཚུངས་སུ། ང་ཚོས་ཤང་དང་གྲོང་རྡལ། སྲང་ལམ་བཅས་18ལ་དཔུང་ཁག་གཅིག་གིས་ཁྲིམས་འཛིན་དོ་དམ་བྱེད་པའི་ཚོད་ལྟ་བྱས་ནས། མཐོང་ཡང་དོ་དམ་དབང་ཆ་མེད་པ་དང་། དོ་དམ་དབང་ཆ་ཡོད་ཀྱང་མི་མཐོང་བ་མ་ཟད། ཕྱོགས་མང་པོ་ནས་དོ་དམ་བྱེད་པ་སོགས་ཀྱི་གནད་དོན་དེ་དག་གཙོ་གནད་ཐོག་ཐག་གཅོད་བྱས་ཡོད་ཅེས་གསུངས་ཡོད།

རྒྱལ་ཡོངས་ཀྱི་ཁག་དང་པོའི་ས་གནས་ལས་ཁུངས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཞིང་ཆེན་ཞིག་ཡིན་པའི་ངོས་ནས། ཧྲན་ཏུང་ཞིང་ཆེན་གྱིས་ད་ལོའི་ལོ་མཇུག་གོང་དུས་བཀག་ལྟར་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་ཀྱི་ལས་ཁུངས་སྒྱུར་བཅོས་ལས་འགན་ལེགས་གྲུབ་ཟིན་རྒྱུ་ཡིན་པ་རེད། ཧྲན་ཏུང་ཞིང་ཨུད་སྒྲིག་ཁོངས་གཞུང་ལས་ཁང་གི་ཀྲུའུ་རེན་ལིའུ་ཝེ་ཡན་གྱིས། ད་རེས་ཀྱི་ལས་ཁུངས་སྒྱུར་བཅོས་དེས་ཚན་པའི་བར་གྱི་འགན་འཁྲི་གསལ་པོ་བཟོས་ཡོད་པ་དང་། འགན་འཁྲི་མཉམ་འདྲེས་བྱེད་ཚད་ཉུང་དུ་ཕྱིན་ཡོད་པས། ལེགས་བཅོས་དང་མཐུན་སྦྱོར། ལས་ཆོད་མཐོ་བ་བཅས་དེ་བས་འབུར་དུ་ཐོན་ཡོད་པའི་ངོས་འཛིན་གནང་ཡོད་པ་དང་། ཁོང་གིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། ལས་ཁུངས་སྒྱུར་བཅོས་དེ་ཉིད་ཡུན་རིང་གི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས། དུས་བསྟུན་མདུན་སྐྱོད་བྱེད་པ་དང་། འགན་འཁྲི་འཁུར་ཕོད་པ། དཀའ་གནད་སེལ་ཕོད་པ་བཅས་བྱས་ཏེ། ང་ཚོའི་ཞིང་ཆེན་གྱི་ལས་ཁུངས་སྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་བསྟན་ཡོད།

ཉམས་མྱོང་ཕྱོགས་བསྡོམས་ཀྱི་རྨང་གཞིའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྒྲིག་འཛུགས་ཀྱི་གྲུབ་ཆ་བསྐྱར་འཛུགས་ལེགས་གྲུབ་དང་། ལས་ཁུངས་ཀྱི་འགན་ནུས་ལེགས་སྒྲིག་མངོན་འགྱུར་ཡོང་བ་ནི་ཕྱིའི་གནད་དོན་ཐག་གཅོད་བྱས་པ་ཙམ་ཡིན་པ་དང་། དངོས་སུ་འགྱུར་ལྡོག་ཡོང་དགོས་ན་ད་དུང་ལས་དོན་འབོར་ཆེན་གྲུབ་དགོས་ཞེས་གསུངས་གནང་བ་མ་ཟད། ལས་ཁུངས་སྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཐད་ཞིབ་ཕྲའི་བླང་བྱ་བཏོན་གནང་ཡོད། ལེའོ་ཉིང་ཞིང་ཆེན་གྱི་ལས་ཁུངས་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་ཁྲེན་ཤང་ཡོན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་དེས་ལེའོ་ཉིང་ནས་བྱ་གཞག་ལས་ཁུངས་ཀྱི་སྒྱུར་བཅོས་ལ་སྔར་བས་སྐུལ་འདེད་གཏིང་ཟབ་གཏོང་བའི་ཐད་མདུན་སྐྱོད་ཁ་ཕྱོགས་གསལ་སྟོན་གནང་ཡོད་པ་དང་། ང་ཚོས་སྲིད་འཛིན་དང་བྱ་གཞག་ལོགས་སུ་དབྱེ་བ། བྱ་གཞག་དང་ཁེ་ལས་ལོགས་སུ་དབྱེ་བ། དོ་དམ་དང་གཉེར་སྐྱོང་ལོགས་སུ་དབྱེ་བ་བཅས་ཀྱི་བླང་བྱ་ལྟར། ལམ་ལུགས་དང་སྒྲིག་གཞིའི་འགོག་རྐྱེན་སེལ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ལེགས་བཅོས་དང་ཟླ་འགྲིལ་གཏོང་ཤུགས་ཆེ་རུ་གཏོང་བ། བྱ་གཞག་ཚན་པའི་གཞི་ཁྱོན་ཧྲག་བསྡུས་བྱེད་པ། བྱ་གཞག་ཚན་པའི་གསོན་ཤུགས་དང་གསར་གཏོད་ནུས་པ་ཤུགས་ཆེར་གཏོང་བ་བཅས་བྱས་ཏེ། སྤྱི་ཕན་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

སྤྱི་ལོ་༢༠༡༨ལོའི་ཟླ་༡༡ཚེས་༡༨ཉིན། ཀུའེ་ཀྲའུ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་དང་། དེ་སྔའི་ཀུའེ་ཀྲའུ་ཞིང་ཆེན་རིག་གནས་ཐིང་དང་དེ་སྔའི་ཀུའེ་ཀྲའུ་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་དེ་ཉིད་མཉམ་འབྲེལ་ཐོག་གཞུང་དོན་བསྒྲུབ་རྒྱུ་མངོན་འགྱུར་ཐུབ་པ་དང་། ཀུའེ་ཀྲའུ་ཞིང་ཆེན་དུ་ལས་ཁུངས་སྒྱུར་བཅོས་ལེགས་གྲུབ་བྱེད་མཁན་ཨང་དང་པོར་གྱུར་ཡོད། ཀུའེ་ཀྲའུ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་་ཐིང་ཀྲང་གཞོན་པ་ཡོན་ཝེ་ཡིས། ལས་ཁུངས་སྒྱུར་བཅོས་བྱས་པ་དེའི་ཐོག་ནས་ཀུའེ་ཀྲའུ་ཡི་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་དོན་དངོས་འཕེལ་རྒྱས་ཀྱི་དགོས་མཁོ་གང་ལེགས་མཚོན་ཡོད། སླད་ཕྱིན་ལས་ཁུངས་སྒྱུར་བཅོས་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ་དོན་འཁྱོལ་ཞིབ་ཕྲ་བྱས་ནས། རིག་གནས་དང་ཡུལ་སྐོར་དེ་ཉིད་གཅིག་ཐོག་གཅིག་སྣོན་བྱས་པ་དེས་གཉིས་ལས་ལྷག་པའི་མཉམ་འདྲེས་ཕན་འབྲས་མངོན་འགྱུར་ཐུབ་རྒྱུ་རེད་ཅེས་དང་། ཁོང་གིས། འདི་ལོ་ནི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱུང་རྗེས་ཀྱི་ལོ་དང་པོ་ཡིན་ཞིང་། ང་ཚོས་༼རིག་གནས་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་དར་སྤེལ་གཏོང་བའི་༽དམིགས་ཚད་ཀྱི་ཕྱོགས་སུ་བསྐྱོད་དེ། རིག་གནས་དང་ཡུལ་སྐོར་གྱི་མཉམ་འདྲེས་ཕན་ནུས་འདོན་སྤེལ་བྱེད་པ་དང་། སྣ་མང་ཕུན་སུམ་ཚོགས་པའི་ཀུའེ་ཀྲའུ་ཡི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྟོབས་ཆེན་ཞིང་ཆེན་བསྐྲུན་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་བའི་ཐོག་ནས། སྣ་མང་ཕུན་སུམ་ཚོགས་པའི་ཀུའེ་ཀྲའུ་ལ་སླར་ཡང་བཀྲག་མདངས་གསར་པ་བསྣན་རྒྱུ་ཡིན་ཞེས་གསུངས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ལས་ཁུངས་སྒྱུར་བཅོས་གསར་གཏོད་ཀྱི་ཕན་ཡོད་ཆ་རྐྱེན་བེད་སྤྱོད་ཡག་པོ་བཏང་ནས། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད། ཀོང་ཏུང་དང་། ཤང་ཀང་། ཨའོ་མན་བཅས་ཀྱི་ཆེས་མདུན་སར་གནས་པའི་ཀུང་པེ་འགག་སྒོ་ཡིས། ལས་ཁུངས་སྒྱུར་བཅོས་ཀྱིས་བསྐྲུན་པའི་ཕན་ཡོད་ཆ་རྐྱེན་ལ་བརྟེན་ནས། འགག་སྒོའི་ཞིབ་བཤེར་བྱེད་སའི་ས་ཆ་དང་། མི་སྣ། སྒྲིག་ཆས། འགག་སྒྲོལ། དངོས་ཟོག་འགྲེམས་སྐྱེལ། ལས་སྒོ་བཅས་ཀྱི་ལྷུ་ཚིགས་དྲུག་ཟླ་འགྲིལ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། ཀུང་པེ་འགག་སྒོའི་ཕྱོགས་བསྡུས་ལས་སྒོ་ཁྲུའི་སྒྱུར་བཅོས་འཕེལ་རྒྱས་ཁོའོ་ཡི་འགོ་འཛིན་གཞོན་པ་ཝུའུ་ལི་ཡིས། དེ་སྔའི་སྒོ་ཁྲལ་སྙན་ཞུ་དང་ཞིབ་བཤེར་སྙན་ཞུའི་གྲངས་གཞི་༢༢༩ནས་གྲངས་གཞིའི་རྣམ་གྲངས་༡༠༥བར་ཁུ་བསྡུ་བྱས་པ་དང་། དུས་མཚུངས་སུ་བརྟག་དཔྱད་དང་ཞིབ་བཤེར་གཅིག་འགྲིལ་བྱ་རྒྱུ་ལག་བསྟར་བྱས་པ། ལས་སྒྲུབ་ལྷུ་ཚིགས་༥༠%ཁུ་བསྡུ་བྱས་པ། གཅིག་གྱུར་གྱི་ཡིག་ཐོག་སྙན་ཞུ་དང་། གཅིག་གྱུར་གྱི་ལས་སྒྲུབ་མ་ལག གཅིག་གྱུར་གྱི་ཉེན་ཁ་ཞིབ་གཅོད། གཅིག་གྱུར་གྱི་བཀའ་རྒྱ་གཏོང་བ། གཅིག་གྱུར་གྱི་ས་གནས་ས་ཐོག་ཏུ་ཁྲིམས་འཛིན་བྱེད་པ་བཅས་གཅིག་གྱུར་ལྔ་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ནས། ཁེ་ལས་དང་མང་ཚོགས་ལ་སྒྱུར་བཅོས་ཀྱི་ཕན་པ་དངོས་ཐོབ་པ་བྱས་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། དབང་འདུས། བསྟན་འཛིན་འཇམ་དཔལ།