ཞི་ཅིན་ཕིང་གིས་བྷང་ག་ལའེ་ཙུང་ལི་དང་མཇལ་འཛོམས་གནང་བ།
སྤེལ་བའི་དུས་ཚོད། : 2019-07-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་༥ཉིན་ཏེའུ་ཡུའི་ཐའེ་རྒྱལ་མགྲོན་ཁང་དུ་བྷང་ག་ལའེ་ཙུང་ལི་ཧ་ཞི་ན་དང་མཇལ་འཛོམས་གནང་ཡོད་པ་རེད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་བྷང་ག་ལ་ནི་སྲོལ་རྒྱུན་གྱི་ཁྱིམ་མཚེས་ཡག་པོ་ཡིན། ང་རང་ནས་སྤྱི་ལོ་༢༠༡༦ལོར་སྐུ་ཉིད་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་ཞུ་སྐབས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱས་པ་དང་། ཕྱོགས་གཉིས་པོའི་སྤེལ་རེས་མཉམ་ལས་མགྱོགས་མྱུར་གོང་འཕེལ་འགྲོ་བའི་དུས་མཚམས་གསར་པ་སླེབས་རྒྱུར་སྐུལ་འདེད་གཏོང་བ། རང་སོ་སོའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཆེད་སྒུལ་ཤུགས་གསར་པ་སྣོན་དགོས་ལ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་མང་བ་བསྐྲུན་དགོས། མིག་སྔར། ཀྲུང་གོ་དང་བྷང་ག་ལ་རྒྱལ་ཁབ་གཉིས་པོ་རང་སོའི་གོང་འཕེལ་གྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། འཐབ་ཇུས་མཉམ་ལས་རོགས་པའི་འབྲེལ་བ་སྲ་བརྟན་དང་། གོང་འཕེལ་ཡག་པོ་གཏོང་རྒྱུ་ནི་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་གྱི་ཐུན་མོང་ཁེ་ཕན་དང་འཚམ་གྱི་ཡོད་པ་དང་། ཨེ་ཤི་ཡའི་དར་རྒྱས་བརྟན་ལྷིང་དང་འཛམ་གླིང་སྒོ་དབྱེ་མཉམ་ལས་ལའང་ཕན་པ་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ཕྱོགས་གཉིས་པོས་སྲོལ་རྒྱུན་གྱི་མཛའ་བཤེས་དར་སྤེལ་ཡག་པོ་བཏང་ནས། རྒྱལ་ཁབ་གཉིས་པོའི་མཉམ་ལས་གོང་འཕེལ་དང་། ཐུན་མོང་གོང་འཕེལ་མངོན་འགྱུར་ཡོང་རྒྱུར་འབད་བརྩོན་བྱེད་དགོས། མཐོ་རིམ་འགྲོ་འོང་གི་ཆབ་སྲིད་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས། མཐོ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་སྟེ། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་མུ་མཐུད་གོང་འཕེལ་གཏིང་ཟབ་འགྲོ་རྒྱུར་འགན་ལེན་བྱེད་དགོས། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་། ཁྲིམས་འཛུགས་ལས་ཁུངས། སྲིད་ཏང་བར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་གཉིས་འབྲེལ་བའི་ཁྲོད་འབྲེལ་གཏུག་ལ་ཤུགས་སྣོན་དང་། ཐུན་མོང་ངོས་འཛིན་གཅིག་སྡུད་ཡོང་བ་བྱེད་དགོས། བྷང་ག་ལས་ཀྲུང་གོའི་བདེ་རྩར་ཐུག་པའི་ལྟེ་བའི་ཁེ་ཕན་གྱི་གནད་དོན་ཐོག་ཀྲུང་གོའི་ཕྱོགས་ལ་རྩ་ཆེའི་རྒྱབ་སྐྱོར་གནང་བར་ཀྲུང་གོས་བསྔགས་བརྗོད་ཞུ་རྒྱུ་དང་། སྔ་བར་ཕྱི་གསུམ་དུ་བྷང་ག་ལ་རྒྱལ་ཁབ་ཀྱིས་རང་བཙན་བདག་དབང་སྲུང་སྐྱོང་བྱེད་པ་དང་། རང་རྒྱལ་ཚུལ་དང་འཚམ་པའི་གོང་འཕེལ་གྱི་ལམ་བུ་འཚོལ་ཞིབ་བྱས་ནས། ཆབ་སྲིད་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཀྲུང་གོ་དང་བྷང་ག་ལའེ་མཉམ་ལས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ཡོད་པ་དང་། བྱ་བ་བསྒྲུབ་རྒྱུ་མང་པོ་ཡོད། ཕྱོགས་གཉིས་པོས་ཉོ་ཚོང་དང་། མ་འཇོག ཐོན་ནུས། ནུས་ཁུངས་གློག་ཤུགས། འགྲིམ་འགྲུལ་དབོར་འདྲེན། ཆ་འཕྲིན་འཕྲིན་གཏོང་། རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་བསྐྲུན། ཞིང་ལས་སོགས་གལ་ཆེའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། གྲངས་ཀའི་དཔལ་འབྱོར་ཁྱབ་ཁོངས་ཀྱི་མཉམ་ལས་དང་། གྲངས་ཀ་ཅན་གྱི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་ཕྱོགས་ནས་བྷང་ག་ལ་ཕྱོགས་དང་ལྷན་དུ་སློབ་གསོ་དང་། རིག་གནས། ན་གཞོན། སྨྱན་སྦྱོར་སོགས་ཀྱི་ཐད་ལ་འགྲོ་འོང་སྤེལ་རེས་བྱ་རྒྱུ་ཡིན་པ་དང་། ཀྲུང་གོ་དང་བྷང་ག་ལའེ་རྒྱལ་ཁབ་བར་གྱི་སྲོལ་རྒྱུན་མཛའ་བཤེས་རྒྱུད་འཛིན་དང་དར་སྤེལ་གཏོང་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ནས་ཀྱང་བྷང་ག་ལའེ་རྒྱལ་ཁབ་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་དང་ཁྲིམས་འཛིན་ནུས་པ་འཛུགས་སྐྱོང་བྱ་རྒྱུར་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད།

ཧ་ཞི་ནས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་༩༨འཁོར་བ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་ཡིན་པ་དང་། དེང་གི་ཀྲུང་གོ་ཡང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་ཐོབ་པའི་རླབས་ཆེའི་གྲུབ་འབྲས་གསར་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། བྷང་ག་ལའེ་རྒྱལ་ཁབ་ཀྱིས་རྒྱལ་ཁབ་གཉིས་པོའི་རྒན་རབས་འགོ་ཁྲིད་པས་གཏོད་པའི་བྷང་ག་ལ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་བཤེས་ལ་གཅེས་སྤྲས་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་གཅིག་གི་སྲིད་ཇུས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་པས། ཀྲུང་གོས་རྒྱུན་རིང་ནང་རྩ་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བྷང་ག་ལའེ་ཕྱོགས་ནས་གཙོ་འཛིན་ལ་ཧེ་མན་གྱིས་བཏོན་པའི་གསེར་འོད་ཆེམ་ཆེམ་གྱི་བྷང་ག་ལ་ཞེས་པའི་ཕུགས་འདུན་མངོན་འགྱུར་ཡོང་བའི་བརྒྱུད་རིམ་ནང་། མུ་མཐུད་ནས་ཀྲུང་གོའི་རྒྱབ་སྐྱོར་ཐོབ་རྒྱུར་རེ་སྒུག་ཞུ་བཞིན་ཡོད། ཕྱོགས་གཉིས་པོའི་ཉོ་ཚོང་དང་། མ་འཇོག་ཆུ་ཚད་མཐོ་རུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་བསྐྲུན་དང་། གྲངས་ཀའི་དཔལ་འབྱོར། གནམ་གཤིས་འགྱུར་བར་ཁ་གཏད་གཅོག་རྒྱུ། འཇིགས་སྐུལ་ལ་ངོ་རྒོལ་དང་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན། བྷང་ག་ལའེ་རྒྱལ་ཁབ་ཀྱིས་ཀྲུང་གོའི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་དཔྱད་གཞིར་འཛིན་འདོད་ཡོད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ནང་ཧུར་ཐག་ཞུགས་ནས། བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་བར་ཁྱམས་འཛུགས་བསྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།