ལི་ཁེ་ཆང་གིས་སྐབས་༧༤པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་འོས་འགུག་ཀྲུའུ་ཞི་པན་ཏེ་དང་མཇལ་འཕྲད་གནང་བ།
སྤེལ་བའི་དུས་ཚོད། : 2019-07-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཚེས་༤ཉིན་མི་དམངས་ཚོགས་ཁང་ཆེན་མོར་སྐབས་༧༤པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་འོས་འགུག་ཀྲུའུ་ཞི་པན་ཏེ་དང་མཇལ་འཕྲད་གནང་ཡོད།

ལི་ཁེ་ཆང་གིས་པན་ཏེ་སྐབས་༧༤པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་གནང་ཡོད། ཁོང་གིས། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་བདུན་བཅུ་ལྷག་ཙམ་སོང་རིང་། འཛམ་གླིང་ཞི་བདེ་བདེ་འཇགས་སྲུང་སྐྱོང་དང་། གོ་ལ་ཧྲིལ་པོའི་གོང་འཕེལ་ལ་སྐུལ་འདེད། རྒྱལ་སྤྱིའི་མཉམ་ལས་ཐད་ལ་སྐུལ་འདེད་གཏོང་རྒྱུར་གཞན་གྱི་ཚབ་བྱེད་མི་ཐུབ་པའི་ནུས་པ་འདོན་སྤེལ་བྱས་ཡོད། སང་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་བདུན་བཅུ་བདུན་ལྔ་འཁོར་བའི་ལོ་ཞིག་ཡིན་པས། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་འབྲེལ་ཡོད་དྲན་གསོའི་བྱེད་སྒོ་གྲ་སྒྲིག་བྱེད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། དེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་ཚབ་བྱེད་པའི་ཕྱོགས་མང་རིང་ལུགས་དང་། བདག་དབང་འདྲ་མཉམ། ཞི་བདེའི་ཐབས་ལམ་ཐོག་ནས་གནད་དོན་ཐག་གཅོད་བྱ་རྒྱུ་སོགས་ཀྱི་རྩ་དོན་ལ་སྲུང་སྐྱོབ་བྱ་རྒྱུའི་ཐད་ནས་བཤད་ན་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། མཉམ་འབྲེལ་རྒྱལ་ཚོགས་གཏོད་མཁན་གྱི་ཁོངས་གཏོགས་རྒྱལ་ཁབ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་རྒྱུན་ལས་ལས་འཛིན་རྒྱལ་ཁབ་དང་འཛམ་གླིང་ཐོག་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ངོས་ནས། ཀྲུང་གོས་མུ་མཐུད་མཉམ་འབྲེལ་རྒྱལ་ཚོགས་དེ་ཉིད་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་དམིགས་ཡུལ་དང་རྩ་དོན་གཞིར་བཟུང་། རྒྱལ་ཁབ་ཁག་དང་ལྷན་དུ། རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་སྤྱིའི་གཞུང་དྲང་དྲང་བདེན་ལ་སྲུང་སྐྱོང་། ཐུན་མོང་ཐོག་འགྲན་རྩོད་ལ་ཁ་གཏད་གཅོག་པ་བཅས་བྱས་ནས། འགྲོ་བ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་རྒྱུ་ཡིན་ཞེས་བསྟན་གནང་ཡོད།

པན་ཏེས། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཡིན་པའི་ངོས་ནས། ངས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་དམིགས་ཡུལ་དང་རྩ་དོན་ལ་སྲུང་སྐྱོང་བྱས་ཏེ། ཁོངས་གཏོགས་རྒྱལ་ཁབ་ཀྱིས་དབྱེ་འབྱེད་གྲོས་མོལ་བྱས་པ་བརྒྱུད་གནད་དོན་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ངོས་ནས་ལུགས་མཐུན་གཞུང་དྲང་གི་རྣམ་འགྱུར་ཐོག་ནས་ལས་དོན་སྒྲུབ་ཏེ། ཀྲུང་གོའི་ཕྱོགས་དང་འབྲེལ་གཏུག་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།