ལི་ཀྲན་ཧྲུའུ་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལམ་ལུགས་རིག་གཞུང་ཞིབ་འཇུག་ལྷན་ཚོགས་ཀྱི་ལོ་ཚོགས་དང་སྐབས་བརྗེའི་འདེམས་བསྐོའི་གྲོས་ཚོགས་ལ་ཞུགས་པ།
སྤེལ་བའི་དུས་ཚོད། : 2019-07-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་སྤྱི་ཚེས3ཉིན་ ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལམ་ལུགས་རིག་གཞུང་ཞིབ་འཇུག་ལྷན་ཚོགས་ཀྱི་ལོ་ཚོགས་དང་སྐབས་བརྗེའི་འདེམས་བསྐོའི་གྲོས་ཚོགས་ལ་ཞུགས་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཐོག དུས་རབས་ཀྱི་གོམ་འགྲོས་དང་བསྟུན་པ་དང་། དུས་རབས་ཀྱི་བླང་བྱ་དང་བསྟུན་ནས། མི་དམངས་འཐུས་ཚོགས་ལམ་ལུགས་ཀྱི་རིག་གཞུང་ཞིབ་འཇུག་ཀྱི་དུས་རབས་རང་བཞིན་དང་ལག་ལེན་རང་བཞིན་ཤུགས་ཆེར་གཏོང་དགོས་ཞེས་ནན་སྟོན་གནང་འདུག

ལི་ཀྲན་ཧྲུའུ་ཡིས། མི་དམངས་འཐུས་ཚོགས་ལམ་ལུགས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་ནས་དཀའ་སྤྱད་འབད་འཐབ་དང་ཟམ་མི་ཆད་པར་འཚོལ་ཞིབ་བྱས་ནས་བཙུགས་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྲིད་དབང་སྒྲིག་འཛུགས་རྣམ་པ་ཞིག་ཡིན་ཞིང་། འདིར་མངོན་གསལ་དོད་པའི་བཟང་ཆ་དང་གསོན་ཤུགས་ཆེན་པོ་ལྡན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་རིགས་པའི་གཞུང་ལུགས་གསར་པ་དང་། དགོངས་ཚུལ་གསར་པ། མཛུབ་སྟོན་གསར་པ། བླང་བྱ་གསར་པ་བཅས་ལ་གཞིགས་པ་དང་། མི་དམངས་འཐུས་ཚོགས་ལས་དོན་གྱི་དོན་དངོས་ལ་གཞིགས་ནས། ཞིབ་འཇུག་ལས་དོན་དེ་དོན་དངོས་དང་གཏིང་ཟབ་སར་སྤེལ་ཏེ། སྤུས་ཚད་ལེགས་པའི་ཞིབ་འཇུག་གྲུབ་འབྲས་ཐོན་པ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལེགས་པར་སྤྱད་ནས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་ལ་སྣེ་ཁྲིད་དང་སྐུལ་འདེད་གཏོང་དགོས་ཞེས་བསྟན་འདུག

ལི་ཀྲན་ཧྲུའུ་ཡིས། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རིག་གཞུང་ཞིབ་འཇུག་ལྷན་ཚོགས་སྐབས་ལེགས་པར་བརྗེས་པར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། ཁོང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རིགས་གཞུང་ཞིབ་འཇུག་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་དམངས་འཐུས་ཚོགས་ལམ་ལུགས་ཞིབ་འཇུག་ལས་དོན་གྱི་གྲུབ་འབྲས་གསར་པའི་ཐོག་ནས། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་ནན་སྟོན་གནང་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱལ་པོ།