ཀྲུང་ཨ་མཉམ་ལས་ནི་དམངས་སེམས་ཕྱོགས་ས་ཡིན་ཞེས་པའི་རྒྱལ་སྤྱིའི་དཔྱད་གཏམ།
སྤེལ་བའི་དུས་ཚོད། : 2019-07-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

དཔྱད་གཏམ་ནང་། ཨ་རིའི་ཝ་ཧྲེང་ཐོན་ཡིག་ཟམ་ཚགས་པར་ཐོག་སྤྱི་ཚེས་3ཉིན་ཨ་རིའི་རིགས་གཅིག་མཁས་པ་དང་རིག་གནས་པ་དེ་བཞིན་སྲིད་ཚོང་ལས་རིགས་ཀྱི་མི་སྣ་བརྒྱ་ཡིས་མཉམ་འབྲེལ་མིང་བཀོད་བྱས་པའི་ཡི་གེ་ཞིག་འགོད་སྤེལ་བྱས་ཏེ། ཀྲུང་གོ་ཨ་རིའི་དཔལ་འབྱོར་གྱི་དགྲ་བོ་མིན་པ་དང་། ཝ་ཧྲེང་ཐོན་ལ་ཀྲུང་གོ་དང་ཁྱོན་ཡོངས་ནས་ཁ་གཏད་ལངས་པའི་ངོས་འཛིན་གཅིག་གྱུར་མེད་པས། ཨ་རིས་ཀྲུང་གོར་དགྲར་འཛིན་བྱེད་པ་ནི་བྱུང་འབྲས་དང་རེ་འདུན་གཉིས་རྦད་དེ་ཕྱིན་ཅ་་ལོག་པ་ཞིག་ཡོང་ངེས་རེད་ཅེས་བསྟན་ཡོད། དེའི་ཐོག་ནས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཏ་པན་དུ་མཇལ་མོལ་གནང་ནས། མཐུན་སྦྱོར་དང་། མཉམ་ལས། བརྟན་ལྷིང་བཅས་ཀྱིས་རྨང་གཞི་བྱེད་པའི་ཀྲུང་ཨའི་འབྲེལ་བར་མུ་མཐུད་སྐུལ་འདེད་གཏོང་རྒྱུར་མོས་མཐུན་གནང་བ་དང་། འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་གི་རྨང་གཞིའི་ཐོག་དཔལ་འབྱོར་ཉོ་ཚོང་གྲོས་མོལ་བྱེད་རྒྱུར་མོས་མཐུན་གནང་བ་ནི། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་དམངས་སེམས་ཕྱོགས་ས་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་སྒུག་དང་འཚམ་པ་ཞིག་ཡིན་པ་མངོན་ཡོད་ཅེས་བསྟན་ཡོད།

དཔྱད་གཏམ་ནང་། ཀྲུང་གོས་ཨ་རིར་ཕྱིར་གཏོང་བྱེད་པའི་ཚོང་ཟོག་ལ་ཨ་རིས་སྒོ་ཁྲལ་འཕར་མ་བསྡུ་བ་ནི་ཀྲུང་ཨ་དཔལ་འབྱོར་ཉོ་ཚོང་གདོང་གཏུག་གི་འགོ་འཛུགས་ས་དེ་ཡིན་པས། གལ་སྲིད་ཕྱོགས་གཉིས་པོའི་བར་གྲོས་ཆོད་འཇོག་ཐུབ་ཚེ་སྒོ་ཁྲལ་འཕར་བསྡུ་ངེས་པར་དུ་ཚང་མ་མེད་པ་བཟོ་དགོས། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་བར་ཏ་པན་མཇལ་མོལ་ཐོག་གལ་ཆེའི་ངོས་འཛིན་གཅིག་གྱུར་བྱུང་བ་ལྟར་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱེད་པའི་ཐོག་ནས་དཔལ་འབྱོར་ཉོ་ཚོང་གྲོས་མོལ་ལ་སྐུལ་འདེད་བཏང་ཚེ། རྒྱལ་ཁབ་གཉིས་པོའི་མི་དམངས་བློ་ཡིད་ཚིམ་པ་དང་། འཛམ་གླིང་མི་དམངས་ཀྱི་དགའ་བསུ་ཐོབ་པའི་མཇུག་འབྲས་ཡོང་བའི་རེ་བ་ཆེན་པོ་ལྡན་ཡོད་ཅེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།