རང་རྒྱལ་གྱི་དངུལ་ཁང་འགན་བཅོལ་ལས་རིགས་ཀྱིས་འདི་ལོ་ནས་བཟུང་ནུས་ལྡན་མཁོ་སྤྲོད་འཕར་སྣོན་ཧུར་ཐག་བྱས་ནས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་དགོས་མཁོ་སྐོང་བ།
སྤེལ་བའི་དུས་ཚོད། : 2019-07-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གོའི་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་མི་སྣས་སྤྱི་ཚེས་4ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཞུགས་སྐབས། རང་རྒྱལ་གྱི་དངུལ་ཁང་འགན་བཅོལ་ལས་ཁུངས་ཀྱིས་འདི་ལོ་ནས་བཟུང་ནུས་ལྡན་མཁོ་སྤྲོད་འཕར་སྣོན་ཧུར་ཐག་བྱས་ནས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་དགོས་མཁོ་སྐོང་བ་དང་ཆབས་ཅིག དངུལ་རྩའི་ཉེན་ཁ་སྔོན་འགོག་དང་སེལ་རྒྱུའི་ཐད་འཕེལ་རིམ་ཆེན་པོ་ཐོན་ཡོད་ཅེས་གསུངས་འདུག

ལོ་སྟོད་དུ། རང་རྒྱལ་གྱི་དངུལ་ཁང་འགན་བཅོལ་ལས་ཁུངས་ཀྱིས་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་དགུ་ཁྲི་ལྷག་ཁ་སྣོན་བྱས་པ་དང་། འགན་བཅོལ་ལས་རིགས་ཀྱི་གསབ་དངུལ་དང་འཇལ་སྤྲོད་གཏོང་སྒོ་སྒོར་དུང་ཕྱུར་6200ལྷག་ཟིན་ཡོད། དེ་དང་ཆབས་ཅིག མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞི་ལེགས་སུ་བཏང་བ་དང་། དུས་ཡུན་རིང་འབྲིང་གི་དངུལ་བུན་དང་ཡིད་རྟོན་དངུལ་བུན་གཏོང་ཚད་མང་དུ་བཏང་ནས། གཙོ་གནད་ཐོག་བཟོ་སྐྲུན་ལས་རིགས་དང་འཛད་སྤྱོད་རིམ་འཕར་གྱི་མ་རྩ་རུབ་བསྡུས་དགོས་མཁོ་སྐོང་ཡོད། ཤེས་བྱའི་ཐོན་དབང་གི་རྒྱུ་འཛིན་གཏའ་འཇོག་གི་མ་རྩ་རུབ་བསྡུས་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཚན་རྩལ་གསར་གཏོད་ཁེ་ལས་ཀྱི་མ་རྩ་རུབ་བསྡུས་ལམ་བུ་རྒྱ་སྐྱེད་ཧུར་ཐག་བཏང་བ། ལྷག་པར་དུ་དམངས་གཉེར་དང་ཁེ་ལས་ཆེས་ཆུང་གྲས་ཀྱི་མ་རྩ་རུབ་བསྡུས་དཀའ་བ་དང་མ་རྩ་རུབ་བསྡུས་ཀྱི་མ་གནས་མཐོ་བའི་གནད་དོན་ཞི་ལྷོད་དུ་གཏོང་རྒྱུར་ཤུགས་རྒྱབ་ཡོད། སྤྱི་ཟླ་ལྔ་པའི་ཟླ་མཇུག་བར་སླེབས་དུས། ཀུན་ཕན་རྣམ་པའི་ཁེ་ལས་ཆེས་ཆུང་གྲས་ལ་དངུལ་བུན་ལྷག་མ་སྒོར་དུང་ཕྱུར་ཆིག་འབུམ་ལྷག་ཟིན་ཡོད་པ་དང་། འཕར་སྣོན་མྱུར་ཚད་དེ་དངུལ་བུན་ཁག་གི་འཕར་སྣོན་མྱུར་ཚད་ལས་མངོན་གསལ་དོད་པོས་མགྱོགས་པ་ཡོད། དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲའུ་ལེའང་གིས། གོམ་སྟབས་རྗེས་མར། ཟུར་སྐྱོར་ཡོད་ལ་ཚོད་འཛིན་ཡོད་པ་རྒྱུན་འཁྱོངས་བྱ་རྒྱུ་དང་། གནད་ལ་འཕིགས་པའི་སྒོ་ནས་དངུལ་རྩའི་ཞབས་ཞུ་མཁོ་འདོན་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བཤད་ཡོད།

དངུལ་རྩའི་ཉེན་ཁ་སྔོན་འགོག་དང་ཉེན་ཁ་སེལ་བའི་ཐད་ཀྱི་གྲངས་གཞི་ལས་མངོན་པར། དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཟང་ཟིང་ཆེ་བའི་ཁྲོམ་རའི་སྣང་ཚུལ་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་པ་དང་། ལོ་གཉིས་ལྷག་གི་རིང་། དངུལ་སྒོར་དུང་ཕྱུར་60ལྷག་ཆད་གཅོད་དང་གཞུང་བཞེས་བཏང་ཡོད་པ་དང་། དེ་དེའི་གོང་གི་ལོ་བཅུའི་ཆད་གཅོད་ཀྱི་སྤྱི་འབོར་ལས་བརྒལ་ཡོད། ཆད་པ་ཕོག་པའི་སྒྲིག་འགལ་མི་སྣ་མི་ཐེངས་8000ལྷག་ཟིན་ཡོད་པས། འཇིགས་སྐུལ་ནུས་པ་ཆེན་པོ་ཐོན་ཡོད། ཕྱོགས་ཁག་གི་འབད་བརྩོན་འོག མིག་སྔར་དངུལ་རྩའི་ཉེན་ཁ་དེ་ཁ་གྲམ་རྣམ་པ་ནས་རིམ་བཞིན་བསྡུས་སྐུམ་རྣམ་པར་འགྱུར་བཞིན་ཡོད་པ་དང་། སྤྱི་ཡོངས་ནས་ཚོད་འཛིན་ཐུབ་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།