ཚོང་དོན་པུས་མིག་སྔར་ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་ཚོགས་པས་འབྲེལ་གཏུག་རྒྱུན་འཁྱོངས་བྱེད་བཞིན་ཡོད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2019-07-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་སྤྱི་ཚེས་4ཉིན། མིག་སྔར་ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་ཚོགས་པས་འབྲེལ་གཏུག་རྒྱུན་འཁྱོངས་བྱེད་བཞིན་ཡོད། གལ་ཏེ་ཕྱོགས་གཉིས་པོས་གྲོས་ཆོད་འཇོག་ཐུབ་ན། སྒོ་ཁྲལ་འཐོལ་པ་བསྡུ་རྒྱུ་ངེས་པར་དུ་ཚང་མ་མེད་པ་བཟོ་དགོས་ཞེས་བསྟན་ཡོད། ཉེ་ཆར་ཨ་རིའི་ཚོང་དོན་པུའི་དཔོན་རིགས་ཀྱིས། ཧྭ་ཝེ་ཀུང་སི་ནི་སྔར་བཞིན་ཨ་རིའི་ཁེ་ལས་ཀྱི་ཐོན་རྫས་འཚོང་བའི་མིང་ཐོ་ནག་པོའི་ནང་ཡོད་པ་དང་། འབྲེལ་ཡོད་བཀག་རྒྱ་མེད་པ་བཟོས་མེད་ཅེས་བཤད་པའི་ཐད། ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཧྥེང་གིས། ཙུང་ཐུང་ཐེ་རོན་ཕུས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཀྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག ཨ་རིའི་ཕྱོགས་ནས་ཨ་རིའི་ཁེ་ལས་ཀྱིས་ཧྭ་ཝེ་ཀུང་སིར་ཐོན་རྫས་འཚོང་རྒྱུའི་ཆོག་མཆན་སྤྲོད་རྒྱུ་ཡིན་ཞེས་གསུངས་ཡོད། ཨ་རིའི་ཕྱོགས་ནས་ཁས་ལེན་དེ་དོན་འཁྱོལ་བྱ་རྒྱུ་དང་སྦྲགས་རྒྱལ་ཁབ་ཀྱི་སྟོབས་ཤུགས་བེད་སྤྱད་ནས་ཀྲུང་གོའི་ཁེ་ལས་ལ་གནོན་ཤུགས་སྤྲོད་པའི་ནོར་འཁྲུལ་བྱེད་སྟངས་གང་མགྱོགས་མཚམས་འཇོག་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད། ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་གྱི་འཕེལ་རིམ་གསར་ཤོས་སྐོར་འདྲི་སྐབས། ཀའོ་ཧྥེང་གིས། མིག་སྔར་ཕྱོགས་གཉིས་པོའི་དཔལ་འབྱོར་ཉོ་ཚོང་ཚོགས་པས་འབྲེལ་གཏུག་རྒྱུན་འཁྱོངས་བྱེད་བཞིན་ཡོད་ཅེས་ཟུར་གསལ་གནང་ཡོད། ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་འགལ་ཟླ་མཐར་འདྲ་མཉམ་གྱི་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་ནས་ཐག་གཅོད་བྱེད་དགོས། ཀའོ་ཧྥེང་གིས། ཀྲུང་གོའི་ཕྱོགས་ནས་ཐོག་མཐའ་བར་གསུམ་དུ། ཕྱོགས་རྐྱང་པས་སྒོ་ཁྲལ་འཐོལ་པ་བསྡུ་བའི་བྱེད་སྟངས་ཀྱིས་རང་གཞན་གཉིས་ཀར་གནོད་འཚེ་བཟོས་ཡོད་པ་དང་། མཐར་གནོད་འཚེ་བཟོ་ས་ནི་ཨ་རིའི་ཁེ་ལས་དང་འཛད་སྤྱོད་པའི་ཁེ་ཕན་ཡིན་པ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་གཏན་འཁེལ་མེད་པའི་རང་བཞིན་འཁྱེར་ཡོད་ལ། ཐ་ན་ཉམས་རྒུད་རང་བཞིན་གྱི་ཤུགས་རྐྱེན་ཐེབས་པའི་ངོས་འཛིན་བྱེད་ཀྱི་ཡོད། ཨ་རིས་ཀྲུང་གོར་ཨ་རིའི་ཚོང་ཟོག་ཕྱིར་གཏོང་བྱེད་པའི་ཐད་སྒོ་ཁྲལ་འཐོལ་པ་བསྡུས་པ་ནི་ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་གི་འགལ་ཟླ་ཐོན་ས་ཡིན། གལ་ཏེ་ཕྱོགས་གཉིས་པོས་གྲོས་ཆོད་འཇོག་ཐུབ་ན། སྒོ་ཁྲལ་འཐོལ་པ་བསྡུ་རྒྱུ་དེ་ངེས་པར་དུ་མེད་པ་བཟོ་དགོས་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་དེར་འཛིན་པའི་རྣམ་འགྱུར་ནི་ཁ་གསལ་དང་འགྱུར་བ་མེད་པ་ཡིན་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།