ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་འཕྲིན་ལམ་དང་པོས་དམིགས་བསལ་ཇུས་འགོད་བྱས་པའི་ལེ་ཚན། གསན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱང་སྐྱོད་ཀྱི་སྙིང་སྟོབས་གླེང་བ།
སྤེལ་བའི་དུས་ཚོད། : 2019-06-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲའུ་ཅི་ཞི་ཅིན་ཕིང་གིས་ས་གནས་ལ་རྟོག་ཞིབ་གནང་སྐབས་གསར་བརྗེའི་གནས་མཆོག་ཏུ་ཐེངས་མང་ཕེབས་ཏེ། རྒྱང་སྐྱོད་ཀྱི་སྙིང་སྟོབས་སྐོར་ལ་གལ་ཆེའི་གཏམ་བཤད་རབ་དང་རིམ་པ་གནང་ཡོད། རླབས་ཆེའི་རྒྱང་སྐྱོད་སྙིང་སྟོབས་ལ་གཏིང་ཟབ་པའི་ནང་དོན་གང་ཞིག་ལྡན་ཡོད་དམ། ང་ཚོའི་མི་རབས་འདིས་རྒྱང་སྐྱོད་ལམ་བུ་གསར་པའི་སྟེང་གང་འདྲ་བྱས་ནས་ཡག་པོ་བསྐྱོད་དགོས་སམ། གཤམ་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པར་ཕྱིར་དྲན་ཏེ། དམིགས་བསལ་ཇུས་འགོད་ལེ་ཚན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱང་སྐྱོད་སྙིང་སྟོབས་གླེང་བ་ཞེས་པ་ཞུ་རྒྱུ་ཡིན།

གསར་བརྗེའི་ཕུགས་བསམ་གནམ་ལས་མཐོ། ཕུགས་བསམ་ལ་དད་སེམས་ཀྱི་མེ་སྟག་འཕྱུར་ཚར་ན་ནམ་ཡང་ནུབ་པ་མེད། ང་ཚོས་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྗེད་མི་རུང་ལ་གསར་བརྗེའི་ཕུགས་བསམ་དང་གསར་བརྗེའི་དམིགས་ཡུལ་མི་བརྗེད་པར་མུ་མཐུད་གསར་བརྗེའི་དར་ཆ་མཐོན་པོར་བསྒྲེང་བ་དང་། རླབས་ཆེའི་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་དམིགས་འབེན་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས། སྤྱི་ལོ་༢༠༡༦ལོའི་ཟླ་༩པའི་ཚེས་༢༣ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཔའ་བོའི་ལོ་རྒྱུས་སྙན་ངག ནུབ་པ་མེད་པའི་མཛད་རྗེས་རྡོ་རིང་ཞེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་གཟིགས་སྐོར་གནང་སྐབས། རྒྱང་སྐྱོད་བྱེད་པའི་སྐབས་སུ་གང་ཞིག་མཐོང་ཡོད་དམ་ཞེ་ན། གནས་གང་ཞིག་ཏུ་གཞིས་ཆགས་ནས་འཚོ་གནས་ཐུབ་མིན་ཤེས་ཐབས་བྲལ་ཡང་གསར་བརྗེའི་ཕུགས་བསམ་ལྡན་པས་དེས་འདེགས་སྐྱོར་ཐུབ་ཡོད།

ཕྱིས་སུ་རྒྱལ་ཁ་རྒྱུན་ཆད་མེད་པར་ཐོབ་པ་དེ་གང་ཞིག་ལ་བརྟེན་ཡོད་དམ་ཞེ་ན་ཆེས་གཞི་རྩར་འགྱུར་བ་ནི་སྙིང་སྟོབས་ཀྱི་སྟོབས་ཤུགས་ཡིན། རྒྱང་སྐྱོད་ཀྱི་སྙིང་སྟོབས་ང་ཚོས་རྒྱུན་འཛིན་བྱེད་དགོས། དུས་རབས་འགྱུར་ནའང་ང་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་དགོས་པ་དང་། ང་ཚོས་འབད་འཐབ་བྱེད་པའི་ཕུགས་བསམ་དང་བྱ་གཞག་ལ་འགྱུར་བ་གཏོང་མི་རུང་ཞེས་ནན་གསུངས་གནང་ཡོད།

ད་ཆ། རྒྱང་སྐྱོད་ལམ་བུ་གསར་པའི་སྟེང་ང་ཚོས་རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་རྩོད་མཐའ་དག་ལས་རྣམ་པར་རྒྱལ་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་པར་སྔར་བཞིན་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་འགྱུར་བ་མེད་པའི་ཕུགས་བསམ་གྱི་དད་སེམས་དང་གསར་བརྗེའི་བློ་སྟོབས་ལ་བརྟེན་དགོས། སྤྱི་ལོ་༢༠༡༦ལོའི་ཟླ་༡༢པའི་ཚེས་༣༠ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ལོ་གསར་ཇ་སྟོན་ཐོག་གསུང་བཤད་གལ་ཆེན་གནང་སྐབས། དུས་རབས་རེ་ལ་དུས་རབས་རེའི་བརྗོད་དོན་གཙོ་བོ་རེ་དང་། མི་རབས་རེ་ལ་མི་རབས་རེའི་འགན་འཁྲི་རེ་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་སྟེང་ཀྲུང་གོ་བ་མི་རེ་ངོ་རེ་ཚང་མ་མི་སྣ་གཙོ་བོ་ཡིན་ལ། ཚང་མར་འགན་འཁྲི་རེ་ཡོད་ཅེས་ནན་གསུངས་གནང་ཡོད།

རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པ་དེས་ང་ཚོར་བློ་སྒོ་ཕྱེ་ཡོད་པ་སྟེ། ཏང་ཞིག་ཕམ་ཉེས་མི་འགྲོ་བ་བྱེད་དགོས་ན། ངེས་པར་དུ་དུས་རབས་ཀྱི་མདུན་གྲལ་དུ་གནས་པ་དང་། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པར་གཞིགས་པ། ཚན་རིག་དང་མཐུན་པའི་སྒོ་ནས་གནས་བབ་ཧྲིལ་པོར་ཇུས་འགོད། འཐབ་ཇུས་ཀྱི་རང་འགུལ་ཁོང་དུ་བརྟན་པོ་ཆུད་པ། བློ་བརྟན་འགྱུར་མེད་ངང་ང་ཚོའི་འཐབ་ཇུས་དམིགས་འབེན་མངོན་འགྱུར་ཡོང་བ་བཅས་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རླབས་ཆེའི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ད་ལྟའི་རྒྱང་སྐྱོད་ལམ་བུའི་སྟེང་ཡག་པོ་བསྐྱོད་དགོས་ན། ངེས་པར་དུ་ཁ་ཕྱོགས་ཁོང་དུ་ཆུད་པ་དང་། གནས་བབ་ཧྲིལ་པོར་གཅིག་འདོམས་བྱེད་པ། གནས་བབ་ཧྲིལ་པོར་གཅིག་གྱུར་འཆར་འགོད་བཅས་བྱས་ཏེ། ང་ཚོའི་སྤྱིའི་ལས་འགན་དང་། སྤྱིའི་བཀོད་སྒྲིག སྤྱིའི་དམིགས་འབེན་བཅས་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་སྟེང་ང་ཚོས་འཛམ་གླིང་གི་གནས་ཚུལ་དང་། རྒྱལ་ཚུལ། ཏང་གི་གནས་ཚུལ་བཅས་ལ་གཞིགས་དགོས་པ་དང་། རྒྱལ་ཁབ་ཕྱི་ནང་གི་གནས་བབ་ཆེན་པོ་གཉིས་ལ་གཅིག་གྱུར་འཆར་འགོད་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གྱི་གནས་བབ་ཧྲིལ་པོར་གཅིག་གྱུར་འཆར་འགོད་བྱེད་པ། བྱ་གཞག་ཁག་གི་གོང་འཕེལ་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། འཐབ་ཇུས་ཀྱི་གཙོ་གནད་དམ་འཛིན་བྱེད་པ། འགག་རྩའི་འགག་གཏོར་མངོན་འགྱུར་ཐུབ་པ། འཐབ་ཇུས་ཀྱི་རང་འགུལ་བཟུང་བ། མ་ལག་རང་བཞིན་གྱི་ཉེན་ཁ་འགོག་པ། རྩ་སློག་རང་བཞིན་གྱི་ཉེན་ཁ་ལས་གཡོལ་ཐུབ་པ། གོང་འཕེལ་གྱི་གནས་བབ་ཧྲིལ་པོར་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་གསུངས་གནང་ཡོད།

ཇུས་འགོད་བྱས་ཟིན་པ་དང་། འབད་འཐབ་བྱེད་བཞིན་ཡོད། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བའི་ལོ་ཡིན། ང་ཚོས་ངེས་པར་དུ་གསར་བརྗེའི་སྲིད་དབང་གང་ནས་བྱུང་བ་དང་། ཀྲུང་གོ་གསར་པ་གང་འདྲ་བྱས་ནས་དབུ་བརྙེས་པ་ཡིད་ལ་བརྟན་པོར་ངེས་ནས་རང་རེའི་ཏང་གིས་བཏོད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་གཅེས་འཛིན་ལྡབ་བརྒྱ་བྱེད་པ། འགྲོ་ལམ་གྱི་བློ་སྤོབས་དང་། རིགས་གཞུང་བློ་སྤོབས། ལམ་ལུགས་ཀྱི་བློ་སྤོབས། རིག་གནས་ཀྱི་བློ་སྤོབས་བཅས་བརྟན་དུ་གཏོང་དགོས། དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་༨༠འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ད་ཆ། ང་ཚོ་ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་དང་བསྡུར་ནའང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་དམིགས་འབེན་དང་ཐག་ཉེ་བ་དང་། ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་དང་བསྡུར་ནའང་དམིགས་འབེན་དེ་མངོན་འགྱུར་ཡོང་བའི་སེམས་ཤུགས་ཀྱིས་ཁེངས་པ་དང་ནུས་པ་ཡང་ལྡན་ཡོད། ང་ཚོ་མི་རབས་འདིས་སྔོན་མིའི་བྱ་གཞག་རྒྱུན་འཛིན་དང་། ད་ཆ་འབད་འཐབ་བྱེད་དགོས་ལ་དེ་བས་ཀྱང་འབྱུང་འགྱུར་གྱི་ལམ་བུ་གཏོད་དགོས་ཞེས་ནན་གསུངས་གནང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།