ཞི་ཅིན་ཕིང་གིས་ཅེར་ཅི་སི་སི་ཐན་གྱི་ཙུང་ཐུང་དང་ཐུག་འཕྲད་གནང་བ།
སྤེལ་བའི་དུས་ཚོད། : 2019-06-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་༡༢ཀྱི་དགོང་མོ། པི་ཧྲེན་ཁའེ་ཁེར་ཕེབས་འབྱོར་ཟིན་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་རེ་ཨེན་པེ་ཁེ་ཧྥུའི་གདན་ཞུས་ལྟར་ཙུང་ཐུང་ལས་ཤག་ཏུ་ཕེབས་ནས། རྒྱལ་ཁབ་གཉིས་པོའི་འགོ་གཙོས་མཛའ་བརྩེའི་མཇལ་འཕྲད་གནང་ཡོད་པ་རེད།

ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་ཕེབས་འབྱོར་ཟིན་སྐབས། རེ་ཨེན་པེ་ཁེ་ཧྥུ་དང་ཁོང་གི་སྐུ་ཟླས་གཟིམ་ཤག་གི་སྒོ་འགྲམ་དུ་ཕེབས་བསུར་བཅར་ཡོད་པ་རེད། མཛའ་བརྩེ་བག་ཕེབས་ཀྱི་རྣམ་པའི་ཁྲོད་རྒྱལ་ཁབ་གཉིས་པོའི་འགོ་གཙོས་ཀྲུང་ཅིའི་སྲོལ་རྒྱུན་མཛའ་གྲོགས་ལྷུག་གླེང་གནང་བ་དང་། ཕྱོགས་གཉིས་འབྲེལ་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་མཉམ་གྲོས་གནང་བ་མ་ཟད་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་དགོངས་འཆར་སྤེལ་རེས་གཏིང་ཟབ་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། གྲོགས་པོ་རྙིང་པའི་ཁྱིམ་དུ་མགྲོན་པོར་སླེབས་པར་དགའ་སྤྲོ་ཧ་ཅང་ཆེན་པོ་བྱུང་། འདི་ནི་ངོས་ནས་ལོ་ངོ་༦སོང་རྗེས་ཡར་བསྐྱར་ཅིར་ཅི་སི་སི་ཐན་དུ་འཚམས་འདྲི་ཞུས་པ་ཞིག་ཡིན། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༢༧སོང་རིང་། ཕྱོགས་གཉིས་པོའི་མཐུན་མོང་འབད་བརྩོན་འོག་ཀྲུང་ཅིའི་འབྲེལ་བ་གོང་འཕེལ་མྱུར་པོ་ཕྱིན་ནས། ཆབ་སྲིད་ཐོག་ཚད་མཐོའི་ཡིད་རྟོན་དང་། དཔལ་འབྱོར་ཐོག་གཉིས་ཕན་མཉམ་ལས། བདེ་འཇགས་ཐད་ཕན་ཚུན་བརྟེན་སར་འཛིན་པ། རྒྱལ་སྤྱིའི་ཐོག་མཐུན་སྦྱོར་དམ་ཟབ་བྱེད་པའི་རྣམ་པ་བཟང་པོ་བཅས་ཆགས་ཡོད། ངོས་ནས་ཙུང་ཐུང་སྐུ་ཞབས་ཀྱིས་ཡོངས་གྲགས་གཏམ་བཤད་ཐེངས་མང་གནང་བར་བསྔགས་བརྗོད་ཞུ་རྒྱུ་དང་། ཀྲུང་ཅིའི་མཛའ་གྲོགས་བརྟན་སྲུང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ཅིར་ཅི་སི་ཐན་ཕྱོགས་ཀྱི་བསྒྱུར་བཅོས་གོང་འཕེལ་ཐད་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད། ཅིར་ཅི་སི་ཐན་གྱིས་རྒྱལ་ཁབ་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་། དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད་ཕུལ་བྱུང་གྲུབ་འབྲས་སླར་ཡང་གཏོད་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ནས་ཅེར་ཅི་སི་སི་ཐན་ཕྱོགས་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་མཉམ་སྤྱོད་དང་ཐུན་མོང་དར་རྒྱས་གོང་འཕེལ་མངོན་འགྱུར་ཐུབ་པ་བྱེད་འདོད་ཡོད། ཕྱོགས་གཉིས་པོས་རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་མཉམ་འཛུགས་གཏིང་ཟབ་ཏུ་དང་དོན་དངོས་དང་མཐུན་པའི་ཁ་ཕྱོགས་སུ་ཟམ་མི་ཆད་པར་བསྐྱོད་པར་དགའ་ཚོར་ཆེན་པོ་བྱུང་། ཀྲུང་གོའི་ཕྱོགས་ཀྱིས་ཅིར་ཅི་སི་ཐན་དང་ལག་གདང་སྦྲེལ་ནས་ཀྲུང་ཅིའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་གོང་འཕེལ་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ལྷག་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་པོས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་དང་། ཨ་ཤི་ཡའི་ཡིད་རྟོན་སོགས་ཕྱོགས་མང་སྒྲོམ་གཞིའི་འོག་རོགས་ལས་བྱེད་དགོས་པ་དང་། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་། ཐུན་མོང་ཐོག་སྲུང་སྐྱོང་རིང་ལུགས་དང་ཕྱོགས་རྐྱང་པའི་རིང་ལུགས་ལ་ངོ་རྒོལ་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་ཆེད་ལེགས་སྐྱེས་དེ་བས་ལྷག་པ་འབུལ་དགོས་ཞེས་བསྟན་གནང་ཡོད།

རེ་ཨེན་པེ་ཁེ་ཧྥུས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཅིའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བའི་ལོ་ཡིན་པས། ཅིར་ཅི་སི་སི་ཐན་ཕྱོགས་ནས་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་དང་། ཀྲུང་གོའི་གོང་འཕེལ་ལ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན། ཉིན་ཤས་གོང་། ང་རང་ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ་ཞེས་པའི་ ཅིར་ཅི་སི་སི་ཐན་ཡི་གེའི་དཔར་མའི་དེབ་ཕུད་འགྲེམས་སྤེལ་མཛད་སྒོར་ཞུགས་པ་ཡིན། ཕྱག་རྩོམ་དེས་ང་ཚོས་ཀྲུང་གོའི་རྩ་ཆེའི་ཉམས་མྱོང་ལ་སློབ་སྦྱོང་དང་། ཅིར་ཅི་སི་སི་ཐན་གྱི་རང་ངོས་སྒྱུར་བཅོས་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་གལ་ཆེའི་དོན་སྙིང་ལྡན་ཡོད། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་སྲིད་གཞུང་གིས་ཤིན་ཅང་གི་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོང་དང་། ཐལ་སྐྱོད་རིང་ལུགས་ལ་རྡུང་རྡེག་གཏོང་བའི་ཐད་བཟུང་བའི་བྱ་ཐབས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་སྔ་ཕྱི་བར་གསུམ་དུ་ཅིར་ཅི་སི་སི་ཐན་ཕྱོགས་ལ་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོས་རྒྱལ་སྤྱིའི་བྱ་དོན་ཁྲོད་ལ་ཐེབས་པའི་ཤུགས་རྐྱེན་ལ་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོའི་ཕྱོགས་དང་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་གཏིང་ཟབ་ཏུ་གཏོང་བའི་སྒྲོམ་གཞིའི་འོག་ཁྱབ་ཁོངས་ཁག་གཉིས་ཕན་མཉམ་ལས་བྱས་ནས། ཀྲུང་གོའི་དཔལ་འབྱོར་གོང་འཕེལ་མགྱོགས་པོ་འགྲོ་བའི་གོ་སྐབས་དམ་འཛིན་བྱས་ཏེ། ཕྱོགས་གཉིས་འབྲེལ་བ་མཆོངས་བརྒལ་རང་བཞིན་གྱིས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།