ཞི་ཅིན་ཕིང་ཅིར་ཅི་སི་སི་ཐན་ལ་འཚམས་འདྲི་གནང་འགོ་ཚུགས་འདུག
སྤེལ་བའི་དུས་ཚོད། : 2019-06-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཞི་ཅིན་ཕིང་པི་ཧྲེ་ཁའེ་ཁེར་ཕེབས་འབྱོར་ནས་ཅིར་ཅི་སི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་མ་ཟད་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་དགུ་པར་ཞུགས་རྒྱུ་ཡིན་པ།

སྤྱི་ཚེས12ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་ཞུགས་ནས་པི་ཧྲེ་ཁའེ་ཁེར་ཕེབས་འབྱོར་ཟིན་ནས། ཅིར་ཅི་སི་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་མ་ཟད། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་དགུ་པར་ཞུགས་རྒྱུ་ཡིན་པ་རེད།

ས་གནས་དེ་གའི་དུས་ཚོད་དགོང་མོའི་ཆུ་ཚོད་7དང་སྐར་མ་40ཡི་ཐོག ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་མ་ན་སེ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་རེད། ཞི་ཅིན་ཕིང་གནམ་གྲུ་ནས་ཕྱིར་ཐོན་རྗེས། ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་རེ་ཨེན་པེ་ཁེ་ཧྥུ་ཡིས་གནམ་གྲུའི་སྐས་འཛེགས་གཤམ་དུ་བཅར་ནས་སྤྲོ་སེམས་འཁོལ་བའི་ཕེབས་བསུ་ཞུས་པ་རེད།

ས་གནས་དེ་གའི་གཞོན་ནུ་མས་ཞི་ཅིན་ཕིང་ལ་མེ་ཏོག་དང་། གོར་སོབ། སྦྲང་རྩི་བཅས་ཕུལ་ནས་རྩ་ཆེའི་སྐུ་མགྲོན་ལ་དགའ་བསུ་ཞུ་ལུགས་མཚོན་པར་བྱས་པ་རེད། ཅིར་ཅི་སི་སི་ཐན་གྱི་གུས་ལུགས་དམག་གིས་ས་གདན་དམར་པོའི་གཞོགས་གཉིས་སུ་ལངས་ནས་གུས་ལུགས་མཚོན་པར་བྱས་ཡོད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་མཛའ་བརྩེའི་བཀའ་མོལ་གནང་བ་རེད། ཞི་ཅིན་ཕིང་ནས་རེ་ཨེན་པེ་ཁེ་ཧྥུ་སྐུ་ངོ་མ་གནམ་ཐང་དུ་ཕེབས་བསུར་བཅར་བར་ཐུགས་རྗེ་ཆེ་ཞུས་པ་དང་། མཛའ་བརྩེ་དང་ལྡན་པའི་ཅིར་ཅི་སི་སི་ཐན་མི་དམངས་ལ་ལྷག་བསམ་དག་པའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་ཞུ་གནང་རོགས་ཞེས་གསུངས་འདུག

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཅིར་ཅི་སི་སི་ཐན་རྒྱལ་ཁབ་གཉིས་རི་ཆུ་སྦྲེལ་ཞིང་། མི་དམངས་རྣམས་མི་རབས་ནས་མི་རབས་བར་མཛའ་མཐུན་མཉམ་གནས་ཡིན། གནའ་བོའི་དར་གོས་ལམ་བུས་ང་ཚོ་མཉམ་དུ་སྦྲེལ་ཡོད། མིག་སྔར་ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་ཟམ་མི་ཆད་པར་གོང་འཕེལ་འགྲོ་བཞིན་ཡོད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། རྒྱལ་ཁབ་གཉིས་པོ་དོན་ངོ་མའི་ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། རོགས་པ་ཡག་པོ་བཅས་སུ་གྱུར་ཡོད། འཚམས་འདྲིའི་སྐབས། ངོས་དང་ཙུང་ཐུང་རེ་ཨེན་པེ་ཁེ་ཧྥུ་ནས་ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས། ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་གཏོང་རྒྱུ། དེ་བཞིན་གཉིས་ཀས་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གཞན་དག་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་ཞུས་ནས། ཀྲུང་ཅིའི་འབྲེལ་བའི་མ་འོངས་པའི་གོང་འཕེལ་ལ་འཆར་འགོད་བྱ་རྒྱུ་ཡིན། ཐེངས་འདིའི་འཚམས་འདྲིས་ཀྲུང་ཅིའི་སྲོལ་རྒྱུན་མཛའ་བཤེས་སྲ་བརྟན་དུ་གཏོང་རྒྱུ་དང་། ཀྲུང་ཅིའི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་སྐས་རིམ་གསར་པའི་ཐོག་གོང་མཐོར་གཏོང་ཐུབ་པའི་ཡིད་ཆེས་ཡོད་ཅེས་བསྟན་འདུག

ཞི་ཅིན་ཕིང་གིས། པི་ཧྲེ་ཁའེ་ཁེ་དབུ་ཚོགས་ནི་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་མ་འོངས་པའི་གོང་འཕེལ་ཐད་ནས་བཤད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། ཅིར་ཅི་སི་སི་ཐན་ནི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས། ཐེངས་འདིའི་དབུ་ཚོགས་འཚོགས་ཆེད་ལས་དོན་འབོར་ཆེན་བསྒྲུབས་ཡོད། ཁོངས་གཏོགས་རྒྱལ་ཁབ་ཁག་གི་ཐུན་མོང་གི་འབད་བརྩོན་འོག ཐེངས་འདིའི་དབུ་ཚོགས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་གོང་འཕེལ་གསར་པ་ཡོང་བ་བྱ་རྒྱུར་སྐུལ་འདེད་གཏོང་ཐུབ་ངེས་ཡིན་པར་ཡིད་ཆེས་ཡོད་ཅེས་ནན་སྟོན་གནང་འདུག

རེ་ཨེན་པེ་ཁེ་ཧྥུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་གནང་བ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་འཚམས་འདྲིར་ཕེབས་པ་དེ་རེ་སྒུག་ཡུན་རིང་ཞུས་པ་ཡིན། ཀྲུང་གོས་ཅིར་ཅི་སི་སི་ཐན་ནས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་པི་ཧྲེ་ཁའེ་ཁེ་ཡི་དབུ་ཚོགས་གཉེར་བར་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཅིར་ཅི་སི་སི་ཐན་དང་ཀྲུང་གོའི་ཤིན་ཅང་གཉིས་ཁྱིམ་མཚེས་ཡིན། ཤིན་ཅང་ཚུད་པའི་ཀྲུང་གོའི་ཡུལ་ཕྱོགས་ཁག་གོང་འཕེལ་མྱུར་པོ་འགྲོ་བར་བསྟོད་བསྔགས་ཞུ་བ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་ཁྲིད་གནང་བའི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་སྲིད་གཞུང་ལ་ཐོབ་པའི་གྲུབ་འབྲས་ལ་ཡི་རངས་ཞུ་བཞིན་ཡོད་ཅེས་གསུངས་འདུག

ཅིར་ཅི་སི་སི་ཐན་གྱི་འགྲུལ་བཞུད་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་ད་དུང་ཐ་ཅི་ཁེ་སི་ཐན་གྱི་ཏུ་ཧྲང་པེར་གཉེར་རྒྱུའི་ཨ་ཤེ་ཡའི་ཕན་ཚུན་རོགས་ལས་དང་ཡིད་རྟོན་བྱ་ཐབས་གྲོས་ཚོགས་ཀྱི་དབུ་ཚོགས་ཐེངས་ལྔ་པར་ཞུགས་རྒྱུ་མ་ཟད། ཐ་ཅི་ཁེ་སི་ཐན་དུ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཚེ་དགའ།
ཞུ་དག ཟླ་བ་ཚེ་རིང་།
ཡིག་སྒྱུར། རྒྱལ་པོ།