ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།
སྤེལ་བའི་དུས་ཚོད། : 2019-06-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉེ་དུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་དང་དེ་མཚུངས་ཀྱི་ཁྲོམ་རའི་ལྟ་སྡོམ་སྒྲིག་གཞི་གསར་པ་འཛུགས་རྒྱུར་བཀོད་སྒྲིག་བྱས་པ་དང་། འགག་སྒོ་སྒྲོལ་རྒྱུ་སྔར་བས་སྟབས་བདེ་རུ་གཏོང་རྒྱུ་དང་འགག་སྒོའི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་བཅོས་བྱ་རྒྱུའི་ཐག་བཅད་པ། ཕྱི་ཕྱོགས་སུ་སྒོ་དབྱེ་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱིར་གཏོང་ནང་འདྲེན་སྣེ་མང་ཅན་དུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

གྲོས་ཚོགས་ཐོག ཡིད་རྟོན་ནི་ཁྲོམ་རའི་བྱེད་པོའི་གཞི་ཚུགས་ས་ཡིན། བློས་སྡོམ་ཞབས་གསུམ་གྱི་བསྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། སྲིད་འཛིན་མཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། གཞུང་དྲང་ལྟ་སྡོམ་ངེས་པར་དུ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། དོ་དམ་ཡག་པོ་བྱས་ན་གཞི་ནས་གཤམ་སྤྲོད་ཡག་པོ་བྱེད་ཐུབ། ཡིད་རྟོན་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་ནི་རྨང་གཞི་ཡིན་པ་དང་། དེ་ནི་ཁྲོམ་རའི་མ་ལག་འཐུས་ཚང་འཛུགས་པའི་འགག་རྩ་ཡིན་པས་དེས་ལྟ་སྡོམ་གྱི་ཕན་ནུས་མཐོ་རུ་གཏོང་ཐུབ་པ་དང་འདྲ་མཉམ་འགྲན་རྩོད་བྱ་རྒྱུར་འགན་སྲུང་བྱེད་ཐུབ། གཅིག་ནས་བཅའ་ཁྲིམས་ཁྲིམས་སྲོལ་ལྟར་དབང་གྲགས་ལྡན་པ་དང་གཅིག་གྱུར་ཡིན་པ། འཚོལ་ཞིབ་ཐུབ་པ་བཅས་ཀྱི་ཁྲོམ་རའི་བྱེད་པོའི་ཡིད་རྟོན་ཐོ་འགོད་མ་ལག་འཛུགས་དགོས་པ་མ་ཟད་ཁྲིམས་ལྟར་མཉམ་འབྲེལ་མཉམ་སྤྱོད་བྱེད་དགོས་པ་དང་། ཚན་པའི་བཀག་རྒྱ་དང་ཆ་འཕྲིན་གྱི་བཀག་རྒྱ་དཀྲོལ་ཏེ་མཉམ་སྤྱོད་ཐུབ་པའི་ཆ་འཕྲིན་རྣམས་ཁྲོམ་རའི་བྱེད་པོས་མཁོ་འདོན་བསྐྱར་མ་བྱེད་དུ་འཇུག་དགོས། གཉིས་ནས། ཡིད་རྟོན་ཤོར་བའི་མཉམ་འབྲེལ་ཆད་གཅོད་བྱ་ཐབས་ཡག་པོ་བཟུང་དགོས། གསུམ་ནས། མཉམ་འབྲེལ་དྲ་བརྒྱ་སྣོན་ལྟ་སྐུལ་དོ་དམ་ཞེས་པར་སྐུལ་འདེད་གཏོང་དགོས་པ་དང་། གྲངས་གཞི་ཆེན་མོ་སོགས་ཀྱི་ལག་རྩལ་ལ་བརྟེན་ནས་ཡིད་རྟོན་ཤོར་བའི་བྱ་སྤྱོད་སྔ་ཙམ་ཤེས་རྟོགས་ཐུབ་པ་དང་སྔ་ཙམ་དྲན་སྐུལ་བྱེད་པ། སྔ་ཙམ་ཐག་གཅོད་བྱེད་པ་བཅས་བྱེད་དགོས་ཞེས་བསྟན་ཡོད།

གྲོས་ཚོགས་ཐོག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར་འབྲེལ་ཡོད་ཚན་པས་འགག་སྒོ་སྒྲོལ་རྒྱུ་སྟབས་བདེ་ཡོང་རྒྱུར་སྐུལ་འདེད་བཏང་བར་ཕན་འབྲས་བཟང་པོ་ཐོབ་ཡོད། ཕྱིར་གཏོང་ནང་འདྲེན་གྱི་འགག་སྒོ་སྒྲོལ་བའི་དུས་ཚོད་ཀྱང་སྤྱི་ལོ་༢༠༡༧ལོ་ལས་ལྡབ་ཕྱེད་ཀས་ཐུང་དུ་གཏོང་བའི་དམིགས་འབེན་སྔ་ནུར་དུ་མངོན་གྱུར་བྱུང་བ་དང་། འགག་སྒོ་སྒྲོལ་བའི་མ་གནས་ཀྱང་མངོན་གསལ་དོད་པོ་ཆགས་ཡོད། གོམ་སྟབས་རྗེས་མར། ཆུ་ཚད་དེ་བས་མཐོ་བའི་སྒོ་ནས་ཕྱི་ཕྱོགས་སྒོ་དབྱེ་བྱེད་པའི་བླང་བྱ་ལྟར། གཅིག་ནས་འགག་སྒོ་སྒྲོལ་བའི་བརྒྱུད་རིམ་མུ་མཐུད་སྟབས་བདེ་རུ་གཏོང་བ་དང་དུས་ཚོད་ཐུང་དུ་གཏོང་དགོས་པ། ནང་འདྲེན་བྱ་རྒྱུར་རེ་ཞུ་བྱ་རྒྱུ་ལག་ལེན་བསྟར་དགོས་པ་དང་། རེ་ཞུ་གཉིས་ལྡན་གྱི་འགག་སྒོ་སྒྲོལ་བའི་མ་དཔེ་བསྒྱུར་བཅོས་བྱ་རྒྱུ་རེ་ཞུ་བྱས་ཚར་བ་དགོས། གཉིས་ནས་ཕྱིར་གཏོང་ནང་འདྲེན་གྱི་ལྟ་སྡོམ་དཔང་ཡིག་དང་ལག་ཁྱེར་སྔར་བས་སྟབས་བདེ་རུ་གཏོང་དགོས་པ་དང་ལོ་མཇུག་གོང་དུ་བདེ་འཇགས་གསང་སྲུང་སོགས་དམིགས་གསལ་གནས་ཚུལ་ལྡན་པའི་ལྟ་སྡོམ་དཔང་ཡིག་དང་ལག་ཁྱེར་ཕུད། དེ་མིན་རྣམས་ལོ་གཅིག་གི་གོང་ནས་དྲ་ཐོག་ཏུ་རེ་ཞུ་དང་དྲ་ཐོག་ཏུ་བདག་སྤྲོད་ཚར་བ་བྱེད་དགོས། གསུམ་ནས་ས་གནས་ཁག་གིས་འགག་སྒོའི་ལས་སྒྲུབ་ལས་ཆོད་མཐོ་རུ་གཏོང་དགོས་པ་དང་། འགག་སྒོའི་དངུལ་བསྡུའི་དཀར་ཆག་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་འགྲོ་གྲོན་ཉུང་གཏོང་གི་དམ་བཅའ་དོན་འཁྱོལ་དང་འགན་འཁྲི་ཤུགས་ཆེར་གཏོང་དགོས་པ་མ་ཟད་ཁྲིམས་ལྟར་འགྲོ་གྲོན་བསྡུ་རྒྱུ་བཙན་བདག་བྱས་པའི་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།