གོང་འཕེལ་གྱི་འཐབ་ཇུས་སྦྲེལ་མཐུད་དང་ལག་གདང་སྦྲེལ་ཏེ་དར་རྒྱས་ལ་སྐུལ་འདེད་གཏོང་བ་ཞེས་པ་སྟེ། ཀྲུང་གོ་དང་ཐ་ཅི་ཁེ་སི་ཐན་གྱི་རྒྱུད་གཅིག་ལམ་གཅིག་མཉམ་ལས་ལ་གཡུར་ཟའི་འབྲས་བུ་ཐོབ་པ།
སྤེལ་བའི་དུས་ཚོད། : 2019-06-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རི་མཐོ་བའི་རྒྱལ་ཁབ་ཅེས་འབོད་པའི་ཐ་སི་ཁེ་སི་ཐན་ནི་ཀྲུང་གོའི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཡིན། ལོ་ངོ་༢༠༠༠ལྷག་གི་གོང་། ཀྲང་ཆན་གྱིས་ནུབ་རྒྱུད་དུ་ཕོ་ཉར་ཐེངས་གཉིས་བསྐྱོད་དེ་གྲགས་ཅན་གྱི་དར་གོས་ལམ་བུ་བཏོད་ཡོད་ལ། ཀྲུང་གོ་དང་ཐ་ཅི་ཁེ་སི་ཐན་རྒྱལ་ཁབ་གཉིས་པོའི་མི་དམངས་བར་གྱི་མཛའ་གྲོགས་འགྲོ་འོང་གི་ལོ་རྒྱུས་ཀྱང་བཏོད་ཡོད། ད་ཆ། ཀྲུང་གོ་དང་ཐ་ཅི་ཁེ་སི་ཐན་བར་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱས་པ་དེས་ཕ་མི་འར་ས་མཐོའི་དར་གོས་ལམ་བུའི་གནའ་བོའི་རྒྱལ་ཁབ་ལ་གསོན་ཤུགས་གསར་པ་སྦྱིན་ཡོད།

ཐ་ཅི་ཁེ་སི་ཐན་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ཀྲུང་གོ་འདི་ཉིད་ཐ་ཅི་ཁེ་སི་ཐན་དང་ཕྱི་འབྲེལ་འབྲེལ་བ་འཛུགས་མཁན་རྒྱལ་ཁབ་ཁག་དང་པོའི་གྲས་སུ་ཚུད་ཡོད། ཐ་ཅི་ཁེ་སི་ཐན་དང་ཀྲུང་གོ་གཉིས་ཁྱོན་ཡོངས་འཐབ་ཇུས་རོགས་པར་འགྱུར་བ་ནི་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་ཁྲིད་སྟོན་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལས་བྱུང་བ་ཞིག་ཡིན་པ་དང་། ཕྱོགས་གཉིས་པོའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཉིན་རེ་བཞིན་བརྟན་དུ་སོང་བ། ཁྱབ་ཁོངས་ཁག་ནང་མཉམ་ལས་གཏིང་ཟབ་བྱས་པས་རི་ཆུ་འབྲེལ་བའི་ཁྱིམ་མཚེས་བཟང་པོ་དང་ལྷག་བསམ་དང་ཕན་ཚུན་ཡིད་ཆེས་ལྡན་པའི་གྲོགས་པོ་ཡག་པོ། མཉམ་ལས་མཉམ་རྒྱལ་གྱི་རོགས་པ་ཡག་པོ། ཕན་ཚུན་ཟུར་སྐྱོར་བྱེད་པའི་སྤུན་ཟླ་བཟང་པོ་བཅས་ལ་གྱུར་ཡོད།

ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་མཇལ་འཛོམས་ཐེངས་མང་གནང་བ་དང་། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་དང་ཐ་ཅི་ཁེ་སི་ཐན་གྱི་སྤྱི་ལོ་༢༠༣༠ལོའི་གོང་གི་རྒྱལ་ཁབ་གོང་འཕེལ་འཐབ་ཇུས་གཉིས་འབྲེལ་མཐུད་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་གནང་ཡོད། ཐ་ཅི་ཁེ་སི་ཐན་གྱི་ཙུང་ཐུང་ལ་ཧོ་མོང་གིས་ད་ལོའི་སྤྱི་ཟླ་བཞི་པར་ཀྲུང་གོའི་སྨྱན་སྦྱོར་ལས་རིགས་ཀྱི་མཉམ་འབྲེལ་བཅར་འདྲི་དང་ལེན་གནང་སྐབས། ཐ་ཅི་ཁེ་སི་ཐན་གྱིས་སྔར་ནས་ད་བར་ཀྲུང་གོའི་བར་གྱི་མཉམ་ལས་ལ་འཐབ་ཇུས་དོན་སྙིང་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཐ་ཅི་ཁེ་སི་ཐན་ལ་མི་ཤུགས་དང་། ཞིང་ལས། གཏེར་ཁའི་ལས་རིགས། ཆུ་གློག་སོགས་ཐོན་ཁུངས་ཡག་པོ་ཡོད་པས་ཀྲུང་གོའི་བར་གཉིས་ཕན་མཉམ་ལས་གོང་འཕེལ་ཧུར་ཐག་གཏོང་བ་དང་། འབྲེལ་མཐུད་བརྒྱུད་རྣམ་གྲངས་སྔར་བས་མང་བ་དོན་འཁྱོལ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཐ་ཅི་ཁེ་སི་ཐན་གྱི་གློག་ཤུགས་གྲུབ་ཆ་ནི་ཆུ་གློག་གིས་གཙོ་བོ་བྱེད་ཀྱི་ཡོད་པས། དགུན་ཁ་ཆུ་ཆུང་དུ་འགྲོ་བའི་དུས་ལ་སླེབས་དུས་གློག་ཤུགས་མི་འདང་བའི་གནད་དོན་ཆེན་པོ་ཐོན་བཞིན་ཡོད། དེ་ནི་རྒྱལ་ཁབ་དེའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་ཚད་བཀག་ཐེབས་པའི་རྒྱུ་རྐྱེན་ཆེན་པོའི་གྲས་ལ་གྱུར་ཡོད། སྤྱི་ལོ་༢༠༡༦ལོར། ཀྲུང་གོའི་ཀུང་སིས་འཛུགས་སྐྲུན་བྱས་པའི་ཏུ་ཧྲེང་པེའི་མེ་གློག་ས་ཚིགས་གཉིས་པའི་རྣམ་གྲངས་བདེ་བླག་ངང་ལས་མཇུག་འགྲིལ་བ་དང་། རྣམ་གྲངས་དེའི་སྤྱིའི་འཕྲུལ་འཁོར་སྡེ་པའི་གློག་གི་གཤོང་ཚད་ཀྲའོ་ཝ་༤༠༠ཡིན་ཞིང་། ཉིན་ལྟར་གློག་ཆན་ཝ་ས་ཡ་དགུ་དང་དྲུག་འབུམ་འདོན་ཐུབ་པ་དང་། ཚ་ནུས་ཆན་གྰ་ཀྲའོ་༢༣༥འདོན་ཐུབ་ཀྱི་ཡོད་པས་ཏུའུ་ཧྲེང་པེ་ས་ཁུལ་གྱི་གློག་ཤུགས་དགོས་མཁོ་བརྒྱ་ཆ་༦༠སྐོང་ཐུབ་ཀྱི་ཡོད།

ཐ་ཅི་ཁེ་སི་ཐན་གྱི་ངོས་ནས་བརྗོད་ན། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་འགྲིམ་འགྲུལ་ནི་སྔོན་ལ་གོང་འཕེལ་གཏོང་བའི་ཁ་ཕྱོགས་ཡིན། ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་ཕྱོགས་ནས་སྒྲུབ་འགན་འཁུར་བའི་ཐ་ཨུའི་བར་གྱི་གཞུང་ལམ་དང་། ཝ་ཧོ་ད་ཐེའི་ཡ་དབན་ལྕགས་ལམ་རྣམ་གྲངས་ལས་མཇུག་འགྲིལ་བ་དང་། ཀྲུང་གོ་དང་ཐ་ཅི་ཁེ་སི་ཐན་གྱི་གཞུང་ལམ་གྱི་དུས་མཚམས་དང་པོའི་རྣམ་གྲངས་བདེ་བླག་ངང་ལས་མཇུག་འགྲིལ་རྗེས་དུས་མཚམས་གཉིས་པའི་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་པས་ཐ་ཅི་ཁེ་སི་ཐན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རིམ་འཕར་ལ་རྒྱུད་མཐུད་རོགས་འདེགས་ཐུབ་ཡོད།

ཙུང་ཐུང་ལ་ཧོ་མོང་གིས་དོན་དེར་གདེང་འཇོག་འདི་འདྲ་གནང་བ་སྟེ། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོས་མཚོ་ལམ་མེད་པའི་ཐ་ཅི་ཁེ་སི་ཐན་དུ་མངའ་ཁོངས་གྲོལ་བའི་སྐྱེལ་འདྲེན་གྱི་སྟོབས་ཤུགས་སྔོག་འདོན་ཐུབ་ནས་འཛམ་གླིང་གི་ཁྲོམ་རའི་ནང་ཞུགས་རྒྱུར་ཕན་པ་བྱུང་ཡོད་ཅེས་བསྟན་ཡོད།

སྤྱི་ལོ་༢༠༡༨ལོར། ཀྲུང་གོ་དང་ཐ་ཅི་ཁེ་སི་ཐན་ཕྱོགས་གཉིས་པོའི་བར་གྱི་ཉོ་ཚོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་༡༥དང་ས་ཡ་བཞི་ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་༡༡དང་གྲངས་ཆུང་༦འཕར་ཡོད། ཀྲུང་གོ་འདི་ཉིད་ཐ་ཅི་ཁེ་སི་ཐན་གྱི་ཐད་ཀའི་མ་འཇོག་འབྱུང་ཁུངས་རྒྱལ་ཁབ་ཆེ་ཤོས་དང་པོ་དང་ཉོ་ཚོང་རོགས་པ་ཆེན་པོ་གསུམ་པར་གྱུར་བ་དང་། ཐ་ཅི་ཁེ་སི་ཐན་དུ་མ་འཇོག་ལས་དར་བྱེད་མཁན་ཀྲུང་གོའི་ཁེ་ལས་༣༠༠ལྷག་ཟིན་ཡོད་པ་རེད།

ལས་སྣོན་ཁྱབ་ཁོངས་ནང་། ཀྲུང་གོའི་ཤིན་ཅང་ཁེ་ལས་ཀྱིས་ཐ་ཅི་ཁེ་སི་ཐན་ལྷོ་རྒྱུད་ཀྱི་ཧ་ཐེ་ལོང་མངའ་སྡེར་མ་འཇོག་བྱས་ནས་འཛུགས་སྐྲུན་བྱས་པའི་འཁེལ་ཐག་ཐོན་ལས་གླིང་གིས་ས་གནས་དེ་གའི་སྲིང་བལ་འདེབས་འཛུགས་བྱེད་སྟངས་ལ་འགྱུར་བ་བཏང་བ་མ་ཟད། མ་བཅོས་རྒྱུ་ཆ་ལས་སྣོན་ཞིབ་ཚགས་བྱེད་པའི་ཐོན་ལས་འབྲེལ་ཐག་འཐུས་སྒོ་ཚང་དུ་བཏང་བ་དང་། ས་གནས་དེ་གའི་མི་སྟོང་ཕྲག་ཁ་ཤས་ལས་ཞུགས་ཐུབ་རྒྱུར་སྐུལ་མ་ཐེབས་ཡོད།

ཀྲུང་གོའི་ཀུང་སིས་ཐ་ཅི་ཁེ་སི་ཐན་དུ་ཨར་འདམ་བཟོ་གྲྭ་བསྐྲུན་པས་ཐ་ཅི་ཁེ་སི་ཐན་དེ་ཉིད་ཨར་འདམ་ནང་འདྲེན་བྱེད་མཁན་རྒྱལ་ཁབ་ནས་ཕྱིར་གཏོང་རྒྱལ་ཁབ་ལ་གྱུར་ཡོད། ཐོན་ནུས་མཉམ་ལས་བྱེད་པ་བརྒྱུད། ཐ་ཅི་ཁེ་སི་ཐན་གྱི་ཨར་འདམ་མི་འདང་བའི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། ད་དུང་ཨུ་ཙེ་པེ་ཁེ་སི་ཐན་དང་། ཅིའར་ཅི་སི་སི་ཐན། ཨ་ཧྥུ་ཀ་ནི་སི་ཐན་སོགས་ཁྱིམ་མཛེས་རྒྱལ་ཁབ་ལ་ཕྱིར་གཏོང་བྱེད་བཞིན་ཡོད།

དངུལ་རྩའི་ཁྱབ་ཁོངས་སུ། ཀྲུང་གོ་དང་ཐ་ཅི་ཁེ་སི་ཐན་རྒྱལ་ཁབ་གཉིས་པོས་སྤྱིའི་རིན་ཐང་མི་དམངས་ཤོག་སྒོར་དུང་ཕྱུར་༣༠ཟིན་པའི་རྩིས་གཞིའི་དངུལ་སྒོར་ཕན་ཚུན་བརྗེ་རེས་བྱེད་པའི་གྲོས་ཆོད་ལ་མིང་རྟགས་བཀོད་པ་དང་། སྤྱི་ལོ་༢༠༡༨ལོར་ཀྲུང་གོའི་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་ཐ་ཅི་ཁེ་སི་ཐན་དངུལ་བཅོལ་དངུལ་ཁང་དབར་མི་དམངས་ཤོག་སྒོར་བྱེ་བ་དྲུག་གི་ཡིད་རྟོན་གྲོས་ཆོད་བཞག་ཡོད། ཐ་ཅི་ཁེ་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་བ་ལིའུ་པིན་གྱིས། མིག་སྔའི་ཆར་རྒྱལ་ཁབ་གཉིས་པོའི་མི་དམངས་ཤོག་སྒོར་གྱི་དངུལ་བུན་དང་ཉོ་ཚོང་སྡོམ་རྩིས་ལས་སྒོ་བརྟན་པོའི་སྒོ་ནས་སྐུལ་འདེད་གཏོང་བཞིན་ཡོད། ཨེ་ཤ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གིས་ཐ་ཅི་ཁེ་སི་ཐན་མངའ་ཁོངས་ནང་གི་རྣམ་གྲངས་ལ་མ་རྩ་བསྡུ་རུབ་བྱ་རྒྱུའི་ཐད་རྒྱབ་སྐྱོར་ཧུར་ཐག་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་ད་དུང་མཉམ་འབྲེལ་མ་འཇོག་ཐེབས་རྩ་འཛུགས་པའི་ཐད་གྲོས་བསྡུར་བྱས་ཡོད།

ཉེ་བའི་ལོའི་ནང་། རྒྱལ་ཁབ་གཉིས་པོས་སློབ་གསོ་དང་རིག་གནས་འགྲོ་འོང་སྔར་བས་གཏིང་ཟབ་ཏུ་བཏང་བ་དང་། དམངས་འདོད་རྨང་གཞི་ཉིན་རེ་བཞིན་ཇེ་ཟབ་ཏུ་འགྲོ་བཞིན་ཡོད། མིག་སྔའི་ཆར་ཐ་ཅི་ཁེ་སི་ཐན་དུ་ཁུང་ཙི་སློབ་གླིང་གཉིས་དང་ཁུང་ཙི་སློབ་ཁང་གཅིག་ཡོད། སློབ་ཆེན་དང་སློབ་འབྲིང་ཁ་ཤས་ཀྱིས་རྒྱ་ཡིག་སློབ་ཚན་བཀོད་སྒྲིག་བྱས་ཡོད། ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་མཁན་ཐ་ཅི་ཁེ་སི་ཐན་གྱི་སློབ་མའི་གྲངས་འབོར་དེ་ཡང་ཉེ་བའི་ལོའི་ནང་མང་དུ་ཟམ་མི་ཆད་པར་འགྲོ་བཞིན་ཡོད་པ་དང་། ཀྲུང་གོ་དེ་ཉིད་ཐ་ཅི་ཁེ་སི་ཐན་གྱི་སློབ་མ་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་བསྐྱོད་སའི་རྒྱལ་ཁབ་ཨུ་རུ་སུའི་རྗེས་ཀྱི་ཨང་གཉིས་པར་གྱུར་ཡོད།

ཁྱིམ་མཚེས་བཟང་པོ་རིན་ཆེན་གསེར་ལས་ལྷག མ་འོངས་པར་རྒྱང་ལྟ་བྱེད་སྐབས། ཀྲུང་གོ་དང་ཐ་ཅི་ཁེ་སི་ཐན་ཕྱོགས་གཉིས་པོས་མཉམ་ལས་ཀྱི་མཐུན་ཆ་དེ་བས་མང་མུ་མཐུད་ནས་འཚོལ་སྙེག་བྱེད་པ་བརྒྱུད་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་བསྐྲུན་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།