ཅིར་ཅི་སི་སི་ཐན་ལ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོས་ཀྲུང་ཅིའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཁྱོན་ཡོངས་ནས་སྐུལ་འདེད་ཐེབས་རྒྱུ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐས་རིམ་གསར་པར་སླེབས་རྒྱུ་རེད་ཅེས་གསུངས་པ།
སྤེལ་བའི་དུས་ཚོད། : 2019-06-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་12ཉིན་ནས་བཟུང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅིར་ཅི་སི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་བ་མ་ཟད་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་དགུ་པར་ཞུགས་རྒྱུ་ཡིན་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲིར་མ་ཕེབས་གོང་། ཅིར་ཅི་སི་སི་ཐན་ལ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཏུའུ་ཏེ་ཝུན་གྱིས་ཀྲུང་གོའི་སྨྱན་སྦྱོར་ལས་རིགས་ཀྱི་བཅར་འདྲི་དང་ལེན་གནང་ཡོད་པ་དང་། ཁོང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པ་དེས་ཀྲུང་ཅི་རྒྱལ་ཁབ་གཉིས་པོས་ལས་དབང་གཅིག་མཐུན་མ་ལག་བསྐྲུན་རྒྱུར་སྐུལ་འདེད་ཐེབས་རྒྱུ་དང་། ཀྲུང་ཅིའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུ་རེད་ཅེས་བསྟན་ཡོད་པ་རེད།

ཨ་ཤེ་ཡ་དབུས་མའི་ས་ཁུལ་དུ་ལོ་མང་ཕྱག་ལས་གནང་མྱོང་བའི་གཞུང་ཚབ་ཆེན་མོ་ཏུའུ་ཏེ་ཝུན་གྱིས་ཀྲུང་གོ་དང་ཅིར་ཅི་སི་སི་ཐན་སོགས་ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་འབྲེལ་བ་གོང་འཕེལ་འགྲོ་བའི་ཐད་མྱོང་ཚོར་དངོས་བྱུང་ཡོད། ཁོང་གིས། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་27སོང་རིང་། ཀྲུང་ཅིའི་འབྲེལ་བ་སྔ་བར་ཕྱི་གསུམ་དུ་སྐྱོན་བྲལ་དང་བརྟན་ལྷིང་གི་གོང་འཕེལ་འགྲོ་ཕྱོགས་རྒྱུན་འཁྱོངས་ཐུབ་ཡོད། ཉེ་ལམ་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུའི་ཐད་ངོ་བོའི་རང་བཞིན་གྱི་ཕན་འབྲས་མང་པོ་ཐོན་ཡོད། ཅིར་ཅི་སི་སི་ཐན་གྱི་ཚོང་ཁང་གང་རུང་ཞིག་ཏུ་ཕྱིན་ཀྱང་ཀྲུང་གོའི་སྤུས་ཀ་དག་ཅིང་གོང་ཁེ་བའི་ཚོང་ཟོག་འདྲ་མིན་སྣ་ཚོགས་མཐོང་ཐུབ། ཅིར་ཅི་སི་སི་ཐན་གྱི་ཞིང་ལས་ཐོན་རྫས། དཔེར་ན་སྦྲང་རྩི་དང་། འོ་བཟོས་ཐོན་རྫས། ཞོག་ཁོག་སོགས་ཤིང་འབྲས་དང་སྔོ་ཚལ་ཡང་རིམ་བཞིན་ཀྲུང་གོའི་མང་ཚོགས་ཀྱི་ཁྱིམ་དུ་སླེབས་བཞིན་ཡོད། ཅིར་ཅི་སི་སི་ཐན་གྱི་མང་ཚོགས་ནས་དྲ་ཐོག་ཉོ་སྒྲུབ་བྱེད་སྐབས། ང་ཚོའི་ཨ་ལེ་པ་པ་དང་། ཐའོ་པའོ་ནི་ཁོ་ཚོ་ཚང་མས་ཧ་གི་ཡོད། སྒྲིག་ཆས་མཉམ་འབྲེལ་ཐད། དཔེར་ན་ཀྲུང་ཅི་ཨུ་གཞུང་ལམ་ཤར་གཏོང་ཐུབ་ཡོད་པ་དང་། དེས་ཅིར་ཅི་སི་སི་ཐན་གྱི་འགྲིམ་འགྲུལ་གནས་ཚུལ་ལེགས་བཅོས་ཐུབ་རྒྱུ་དང་། ཅིར་ཅི་སིའི་ལྷོ་བྱང་ཕྱོགས་གཉིས་ཀྱི་མང་ཚོགས་འགྲོ་སྐྱོད་བྱ་རྒྱུར་ཤུགས་སྣོན་ཐེབས་རྒྱུ་ཡིན་པས། དེ་ཚང་མ་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཡིན་ཞེས་གསུངས་ཡོད་པ་རེད།

སྤྱི་ལོ་2018ལོར་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཅིའི་བར་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་པའི་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་གནང་ནས། ཀྲུང་ཅིའི་འབྲེལ་བ་དེ་མཐོ་ཚད་གསར་པ་ཞིག་ཏུ་རིམ་སྤར་གནང་ཡོད། འཚམས་འདྲི་གནང་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་དགུ་པར་ཞུགས་རྒྱུ་ རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲི་གནང་རིང་། ཀྲུང་ཅི་ཕྱོགས་གཉིས་པོས་མཉམ་ལས་ཡིག་ཆ་བཅུ་གྲངས་ཁ་ཤས་ལ་མིང་རྟགས་འགོད་རྒྱུ་རེད། ཏུའུ་ཏེ་ཝུན་གྱིས་ཟུར་གསལ་གནང་བར། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཅིའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་པའི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་ཤིག་ལ་མིང་རྟགས་འགོད་རྒྱུ་ཡིན་པ་རེད། ཁོང་གིས། མཉམ་འབྲེལ་གསལ་བསྒྲགས་འདི་ནི་ཕྱོགས་བསྡུས་རང་བཞིན་ཞིག་ཡིན་པ་དང་། དེས་སླད་ཕྱིན་ཀྲུང་ཅིའི་འབྲེལ་བ་གོང་འཕེལ་གཏོང་རྒྱུའི་ཐད་འཆར་འགོད་གསར་པ་ཞིག་བྱས་ཡོད། ད་ཐེངས་ཀྱི་འཚམས་འདྲི་གནང་བ་འདིས་ཀྲུང་ཅིས་ལས་དབང་གཅིག་མཐུན་མ་ལག་འཛུགས་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བཏོན་བྱ་ཐུབ་ངེས་ཡིན། ང་ཚོས་ཀྲུང་ཅིའི་འབྲེལ་བར་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་རྒྱུར་སེམས་ཤུགས་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།