2018ལོར་རྒྱལ་ཡོངས་སུ་རྩྭ་ཐང་གི་ཁྲིམས་འགལ་གྱོད་གཞི་8199ཐོན་པ།
སྤེལ་བའི་དུས་ཚོད། : 2019-06-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཚེས་11ཉིན་གསར་འགོད་པས་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2018ལོར་རྒྱལ་ཡོངས་སུ་རྩྭ་ཐང་གི་ཁྲིམས་འགལ་གྱོད་གཞི་8199ཐོན་པ་དེ་ལོ་གོང་མ་ལས་གྱོད་གཞི་5562ཉུང་དུ་ཕྱིན་པ་དང་། ཉུང་དུ་འགྲོ་ཚད་40.4%ཡིན་པ་རེད། འདི་ནི་ལོ་ལྔའི་རིང་གྲངས་འབོར་ཉུང་ཤོས་ཡིན་པ་རེད།

《2018ལོའི་རྒྱལ་ཡོངས་ཀྱི་རྩྭ་ཐང་གི་ཁྲིམས་འགལ་གྱོད་གཞིའི་བསྡོམས་རྩིས་དབྱེ་ཞིབ་སྙན་ཞུ》ལས་མངོན་པར་གཞིགས་ན། 2018ལོར་རྒྱལ་ཡོངས་སུ་རྩྭ་ཐང་གི་ཁྲིམས་འགལ་གྱོད་གཞི་ཁག་7975གྱོད་དོན་ཐོ་འགོད་བྱས་པ་དང་། གྱོད་དོན་ཐོ་འགོད་བྱེད་ཚད་97.3%ཟིན་པ་དང་། གྱོད་གཞི་7586གྱོད་ཐག་བཅད་པས། གྱོད་ཐག་བཅད་ཚད་95.1%ཟིན་པ་རེད། གྱོད་དོན་ཐོ་འགོད་བྱེད་ཚད་དང་གྱོད་ཐག་གཅོད་ཚད་ཅུང་མཐོ་བའི་ཆུ་ཚད་རྒྱུན་འཁྱོངས་ཐུབ་ཡོད། རྒྱལ་ཡོངས་སུ་གཏོར་སྐྱོན་བཏང་བའི་རྩྭ་ཐང་གི་རྒྱ་ཁྱོན་མུའུ་ཁྲི་11.47ཟིན་ཡོད། ས་གནས་ཁག་གི་རྩྭ་ཐང་ཁྲིམས་འཛིན་སྡེ་ཚན་གྱིས་སྤྱི་བདེ་ལས་ཁུངས་ལ་ཉེས་གསོག་དང་འབྲེལ་བའི་གྱོད་གཞི་342རྩིས་སྐྱེལ་བྱས་ཡོད་ཅིང་། ཉེས་གསོག་དང་འབྲེལ་བའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བའི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱས་ཡོད།

ལོ་ལྔ་ཙམ་གྱི་རིགས་མི་འདྲ་བའི་རྩྭ་ཐང་གི་ཁྲིམས་འགལ་གྱོད་གཞིའི་འགྱུར་ལྡོག་གནས་ཚུལ་དང་ཁྱད་ཆོས་ལ་དབྱེ་ཞིབ་བྱས་པ་བརྒྱུད་རྒྱལ་ཡོངས་སུ་ཁྲིམས་འགལ་ངང་རྩྭ་ཐང་གསར་སྦོལ་བྱས་པའི་གྱོད་གཞིར་རྡུང་རྡེག་བཏང་བའི་ཕན་འབྲས་མངོན་གསལ་དོད་པ་དང་། གྱོད་གཞི་ཐོན་པའི་གྲངས་འབོར་ལོ་ལྔ་བསྟུད་མར་ཆག་ཅིང་། རྩྭ་ཐང་ལ་གཏོར་སྐྱོན་བཏང་བའི་རྒྱ་ཁྱོན་ལོ་རེ་བཞིན་ཉུང་དུ་འགྲོ་བ་དང་། རྩྭ་ཐང་ཁྲིམས་འགལ་ངང་བསྡུ་སྤྱོད་བེད་སྤྱོད་བྱས་པའི་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ཞིང་། ཕྱུགས་བཀག་རྩྭ་གསོ་དང་རྩྭ་ཕྱུགས་དོ་སྙོམས་ཀྱི་གཏན་འབེབས་ལས་འགལ་བའི་གྱོད་གཞི་ཉུང་དུ་ཆེས་ཆེར་ཕྱིན་ཡོད་ལ། ཁྲིམས་འགལ་ངང་རི་སྐྱེས་རྩི་ཤིང་འཚོལ་བསྡུ་བྱེད་པའི་གྱོད་གཞི་ཐོན་ཚད་ཀྱི་གྲངས་འབོར་སྙོམས་པོ་ཡོད་པ་རེད།