ལི་ཁེ་ཆང་གིས་འཛམ་གླིང་དངུལ་ཁང་གི་འགོ་འཛིན་དང་ཐུག་འཕྲད་གནང་བ།
སྤེལ་བའི་དུས་ཚོད། : 2019-06-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཚེས༡༡ཉིན་ཀྲུང་ནན་ཧེའི་ཙེ་ཀོང་ཚོམས་ཆེན་དུ་འཛམ་གླིང་དངུལ་ཁང་གི་འགོ་འཛིན་མར་ཕ་སི་དང་ཐུག་འཕྲད་གནང་ཡོད་པ་རེད།

ལི་ཁེ་ཆང་གིས། ཀྲུང་གོ་དང་འཛམ་གླིང་དངུལ་ཁང་གི་མཉམ་ལས་དང་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་འཕེལ་རིམ་ཧ་ལམ་དུས་གཅིག་ཏུ་འགོ་ཚུགས་པ་དང་དེས་ཀྲུང་གོའི་གོང་འཕེལ་ལ་ཕན་པ་ཐོབ་པ་དང་གཉིས་ཕན་གཉིས་རྒྱལ་བྱུང་ཡོད། ཕྱོགས་གཉིས་པོའི་མཉམ་ལས་ཀྱི་མདུན་ལམ་ཡང་ཞིང་རྒྱ་ཆེན་པོ་ཡོད་པས་དེ་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ་དང་ལྷོ་བྱང་ཧེ་དཔག་ཆུང་དུ་གཏོང་བ། རྒྱུན་མཐུད་གོང་འཕེལ་ཡོང་རྒྱུར་ཕན་པ་ཐོབ་ཡོད། ཀྲུང་གོ་འདི་ཉིད་རྒྱལ་སྤྱིའི་དཔལ་འབྱོར་དངུལ་རྩའི་མ་ལག་ནང་ཞུགས་མཁན་དང་འཛུགས་སྐྲུན་པ། ལེགས་སྐྱེས་འབུལ་མཁན་བཅས་ཡིན་པའི་ངོས་ནས་འཛམ་གླིང་དངུལ་ཁང་བར་གྱི་མཉམ་ལས་གཏིང་ཟབ་དུ་གཏོང་བ་དང་འཛམ་གླིང་ཧྲིལ་པོ་གོང་འཕེལ་དར་རྒྱས་ཡོང་རྒྱུར་མཉམ་དུ་སྐུལ་འདེད་གཏོང་འདོད་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད། ལི་ཁེ་ཆང་གིས། ཀྲུང་གོ་འདི་ཉིད་འཛམ་གླིང་ཐོག་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ངོས་ནས་རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་པ་དང་དུས་མཚུངས་སུ་དགོས་ངེས་ཀྱི་རྒྱལ་སྤྱིའི་འགན་འཁྲི་དང་འོས་འགན་ལག་བསྟར་བྱེད་འདོད་ཡོད། ང་ཚོས་སྲིད་འཛིན་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་སོགས་ཀྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་དུ་གཏོང་བ་བརྒྱུད་གཞི་ཁྱོན་ཆེ་བའི་ཁྲལ་གྲོན་གཅོག་པ་དང་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་ནས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་འདུག

མར་ཕ་སིས། དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་ཐད་ཀྲུང་གོར་གྲུབ་འབྲས་གཡུར་ཏུ་ཟ་བ་ཐོབ་ཡོད། འཛམ་གླིང་དངུལ་ཁང་གིས་ཀྲུང་གོའི་ཕྱོགས་དང་ཕྱོགས་གཉིས་དང་འཛམ་གླིང་ཁྱབ་ཁོངས་ནང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།