མ་ལིར་གྲོང་ཚོ་ཡོངས་མེར་བསྲེཊ་པའི་དམར་གསོད་དོན་རྐྱེན་ཞིག་བྱུང་བ།
སྤེལ་བའི་དུས་ཚོད། : 2019-06-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཧྥ་རན་སིའི་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས་ཀྱིས་ཚེས་10ཉིན་གནས་ཚུལ་སྤེལ་བར་གཞིགས་ན། མ་ལིའི་དབུས་རྒྱུད་ཀྱི་གྲོང་ཚོ་ཞིག་ལ་དྲག་ཆས་པའི་འཇབ་རྒོལ་ཕོག་ནས་ཉུང་མཐར་ཡང་མི་95ཤི་བ་རེད།

འདི་ནི་ཉེ་དུས་གསར་དུ་བྱུང་བའི་དོན་རྐྱེན་ཞིག་རེད།

འཇབ་རྒོལ་དོན་རྐྱེན་ནི་མ་ལིའི་དབུས་རྒྱུད་མོ་ཕུའུ་ཐི་ས་ཁུལ་གྱི་སོ་པ་ཉི་ཏོ་ཀུང་རིགས་ཀྱི་གྲོང་སྡེར་བྱུང་བ་རེད། ཉེ་བའི་ཟླ་ཤས་རིང་། ས་གནས་དེ་གར་ཏོ་ཀོང་རྔོན་པ་དང་འབྲོག་ལས་གཙོ་བོར་བྱས་པའི་ཧྥུའུ་ལ་ཉི་རིགས་ཀྱི་ཁོངས་མིའི་བར་གདོང་ཐུག་ཐེངས་མང་བྱུང་བ་དང་། ཐལ་དྲགས་པའི་དྲག་ཆས་རྩ་འཛུགས་ཀྱིས་ཀྱང་ས་གནས་དེ་གར་འཇབ་རྒོལ་བྱས་མྱོང་ཡོད་པ་རེད།

ས་གནས་དེ་གའི་དཔོན་རིགས་ཀྱིས་ཧྥ་རན་སིའི་ཆུ་ཚོད་24ཞེས་པའི་འཕྲིན་ལམ་གྱི་པ་མཱ་ཁོའོ་བཅའ་སྡོད་གསར་འགོད་པར། དྲག་ཆས་འཇབ་རྒོལ་པས་གྲོང་ཚོ་མེར་བསྲེགས་པ་མ་ཟད། མེ་ཆེན་པོ་ལས་ཐར་ཐབས་བྱེད་མཁན་གྱི་གྲོང་མིར་མེ་མདའ་བརྒྱབ་ཡོད་ཅེས་བཤད་པ་དང་། གྲོང་དཔོན་གྱིས་འཚིག་རོ་95རྙེད་ཟིན་པ་དང་ད་དུང་མི་འགའ་ཞིག་གར་སོང་ཆ་མེད་དུ་གྱུར་ཡོད་ཅེས་བཤད་འདུག གསར་འགོད་པས་མ་ལི་རྒྱལ་སྲུང་པུའུ་དང་འབྲེལ་བ་བྱས་ནས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་95ཟིན་པ་ར་སྤྲོད་བྱས་པ་དང་། ཆ་འཕྲིན་མི་སྣས་ཁ་གསབ་ཏུ་མི་19གར་སོང་ཆ་མེད་དུ་གྱུར་པས་མི་ཤི་བའི་ཁ་གྲངས་ད་དུང་མང་དུ་འགྲོ་སྲིད་ཅེས་བཤད་ཡོད། མིག་སྔར་སུ་ཞིག་གིས་འཇབ་རྒོལ་བྱས་པ་གསལ་བོ་ཤེས་མེད།

ཏོ་ཀོང་ཚོ་པ་དང་ཧྥུ་ལ་ཉི་ཚོ་པའི་ཁོངས་མིའི་བར་རྟག་ཏུ་ས་ཞིང་དང་ཆུ་འགོའི་གནད་དོན་ཐད་འགལ་ཟླ་ཐོན་གྱི་ཡོད་པ་དང་། ཏོ་ཀོང་བས་ད་དུང་ཧྥུའུ་ལ་ཉི་བ་དང་ས་གནས་དེ་གའི་དྲག་སྐྱོད་དྲག་ཆས་རྩ་འཛུགས་བར་འབྲེལ་བ་ཡོད་ཅེས་སྐྱོན་བརྗོད་བྱས་པ་དང་། ཧྥུའུ་ལ་ཉི་བས་མ་ལིའི་དམག་དཔུང་གིས་ཏོ་ཀོང་པར་དྲག་ཆས་སྤྲད་ཡོད་ཅེས་བཤད་ཀྱི་ཡོད།

ད་ལོའི་ལོ་སྟོད་དུ་བུད་མེད་དང་བྱིས་པ་ཚུད་པའི་ཧྥུའུ་ལ་ཉིའི་གྲོང་མི་150ལྷག་དམར་གསོད་བཏང་བ་དང་། མ་ལི་སྲིད་གཞུང་གིས་དེའི་རྐྱེན་གྱིས་མཐོ་རིམ་དམག་དོན་དཔོན་རིགས་ཁག་གཅིག་ཕྱིར་འབུད་བྱས་པ་མ་ཟད། ཏོ་ཀོང་རྔོན་པ་ལས་གྲུབ་པའི་ཡུལ་དམག་རྩ་འཛུགས་མེད་པར་བཟོས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།