ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཁིང་གིས་བསམ་འཆར་པར་འགྲེམས་བྱས་པ།
སྤེལ་བའི་དུས་ཚོད། : 2019-06-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ཚན་རིག་མཁས་པའི་སྙིང་སྟོབས་དར་སྤེལ་སྔར་ལས་ལྷག་པ་གཏོང་བ་དང་སྤྱོད་ཚུལ་དང་སློབ་སྲོལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ་པར་འགྲེམས་བྱས་པ་རེད།

བསམ་འཆར་དེའི་ནང་། དུས་རབས་གསར་པའི་ཚན་རིག་མཁས་པའི་སྙིང་སྟོབས་རང་རྟོགས་ངང་ལག་བསྟར་དང་དར་སྤེལ་ཤུགས་ཆེན་གཏོང་བ་དང་སྤྱོད་ཚུལ་དང་སློབ་སྲོལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱོད་གཙང་གི་ཚན་ཞིབ་ཁོར་ཡུག་སྐྲུན་པ། སྲིད་གཞུང་གི་འགན་ནུས་བརྗེ་སྒྱུར་མགྱོགས་སུ་གཏོང་བ། ཚན་ཞིབ་སྐྱེ་ཁམས་ཡག་པོ་སྐྲུན་པ། དྲིལ་བསྒྲགས་བྱེད་ཤུགས་ཆེ་གཏོང་བ། ཤེས་ལྡན་མི་སྣར་བརྩི་འཇོག་དང་གསར་སྐྲུན་དང་དོད་བྱེད་པའི་གླེང་ཕྱོགས་རྣམ་པ་ཞིག་ཆགས་པ་བྱེད་དགོས། ལོ་གཅིག་གི་དུས་ཚོད་ནང་སྤྱོད་ཚུལ་དང་སློབ་སྲོལ་ལེགས་བཅོས་བྱེད་པའི་བཅོས་སྐྱོང་བྱ་ཐབས་ཁག་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་ལོ་གསུམ་ནང་སྤྱོད་ཚུལ་དང་སློབ་སྲོལ་ལ་ངོ་བོའི་རང་བཞིན་གྱི་འགྱུར་བ་ཡོང་བ་བྱེད་པ། ཚན་རྩལ་གསར་སྐྲུན་གྱི་སྐྱེ་ཁམས་ཟམ་མི་ཆད་པར་ལེགས་སུ་གཏོང་བ། རིག་གཞུང་ཀུན་སྤྱོད་འཛུགས་སྐྱོང་བྱེད་ཤུགས་མངོན་བསམ་དོད་པོས་ཆེ་རུ་གཏོང་བ། དུས་རབས་གསར་པའི་ཚན་རིག་མཁས་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ཡོངས་སུ་ཤེས་བྱར་བརྩི་བཀུར་དང་གསར་སྐྲུན་ལ་དང་དོད། ཤེས་ལྡན་མི་སྣར་བརྩི་འཇོག ཚན་རིག་ལ་དགའ་ཞེན་བྱེད་པ། ཚན་རིག་ལ་ལེགས་སྐྱེས་འབུལ་བ་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་ཆགས་པ་བྱེད་པ་དང་འཛམ་གླིང་གི་ཚན་རྩལ་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་ཆེན་པོ་ཞིག་གཅིག་འདུས་བྱེད་དགོས་ཀྱི་ཡོད་ཅེས་བཏོན་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།