བོད་ཀྱི་ཆང་དམར་གྱི་ཕ་ཡུལ་ཏེ་སྨར་ཁམས་རྫོང་གི་འཇང་རིགས་ཤང་དུ་བསྐྱོད་པ།
སྤེལ་བའི་དུས་ཚོད། : 2019-06-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མི་དམངས་ད་བའི་འཕྲིན། བོད་པས་མགྲོན་པོར་ནས་ཆང་ཕུལ་བ་བཞིན། རྫ་མའི་ནང་ནས་ཆང་དམར་དཀར་ཡོལ་གང་རེ་བཅུས་ཏེ་ལག་པ་གཉིས་ཀ་བཀྱགས་ནས་མགྲོན་པོར་ཕུལ་བ་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཇང་རིགས་ཤང་གི་མང་ཚོགས་ཀྱིས་མགྲོན་བསུ་བྱེད་སྟངས་རེད།

ཆང་དམར་ནི་ས་གནས་དེ་གའི“ཡུལ་གྱི་ཐོན་རྫས”ཤིག་ཡིན་ལ། ཕལ་ཆེར་ཁྱིམ་ཚང་ཚང་མས་སྙལ་ཤེས་ཤིང་། སྲོལ་རྒྱུན་གྱི་རང་བྱུང་གི་སྙལ་ཐབས་སྤྱོད་ཀྱི་ཡོད། ཁོ་ཚོས་ཆང་དམར་རང་ཁྱིམ་ནས་འཐུང་གི་ཡོད་པ་ཕུད་ད་དུང་ཕྱིར་འཚོང་ཀྱང་བྱེད་བཞིན་ཡོད། མང་ཆེ་བར་ཚད་ལྡན་གྱི་ཐུམ་སྒྲིལ་མེད་པས་འགྱིག་ཟོམ་ནང་དུ་བླུགས་ནས་རྒྱ་མ་ཚད་ནས་འཚོང་གི་ཡོད་པ་རེད།

ས་གནས་དེ་གའི་མི་སེར་གྱིས་ཆང་དམར་སྙལ་བའི་ལོ་རྒྱུས་ནི་དུས་རབས་19པའི་བར་ཁུངས་དེད་ཆོག དེ་དུས་ཧྥ་རན་སི་ནས་ཡིན་པའི་མིང་ལ་ཏིང་ཏེ་ལེའང་ཟེར་བའི་ཆོས་སྤེལ་མཁན་ཞིག་ཡུལ་དེ་གར་ཆོས་ལུགས་སྤེལ་དུ་ཡོང་བར། རྒུན་འབྲུམ་གྱི་ས་བོན་འཁྱེར་ཡོང་བ་མ་ཟད། ས་གནས་དེ་གའི་མི་སེར་ལ་རྒུན་ཆང་སྙལ་སྟངས་བསླབས་པ་རེད།

2016ལོར“ཏིང་ཏེ་ལེའང་”རྟགས་ཅན་གྱི་རྒུན་ཆང་དམར་པོ་དངོས་སུ་ཐོན་སྐྱེད་བྱས་ཏེ་ཁྲོམ་རར་བཏོན་པ་རེད། བཟོ་གྲྭ་བཙུགས་ནས་ཐོན་སྐྱེད་བྱེད་པ་དང་ཚོང་རྟགས་འདི་ཐོ་འགོད་བྱེད་མཁན་ནི་མིང་ལ་ལུའུ་རེན་ཏི་ཟེར་བའི་བོད་པ་ཞིག་ཡིན་ལ། བཟོ་གྲྭ་ནི་འཇང་རིགས་ཤང་ཚྭ་ལྷོ་སྟོད་གྲོང་ཚོ་རུ་ཡོད།

“ང་ཚོའི་རྒུན་ཆང་ཚང་མ་ས་གནས་འདི་ག་ནས་ཐོན་པའི་མུ་ཏིག་ནག་པོའི་རྒུན་འབྲུམ་གྱིས་བཟོས་པ་ཤ་སྟག་ཡིན་ལ། མིག་སྔར་ལོ་བརྒྱ་ལྷག་ལས་བརྒལ་བའི་རྒུན་འབྲུམ་སྡོང་བོ་བཞི་ཡོད”ཅེས་ལུའུ་རེན་ཏིས་བཤད་པ་དང་། ད་ལྟ་ལོ་རེར་ཆང་དམར་ཏུན་50ལྷག་ཙམ་ཐོན་སྐྱེད་བྱེད་ཀྱི་ཡོད་ཅེས་ཟེར།

ལུའུ་རེན་ཏི་ཡི་ཨ་རག་བཟོ་གྲྭ་དང་བར་ཐག་སྤྱི་ལེ་ཁ་ཤས་ལས་མེད་ས་ནི་བོད་ལྗོངས་སྨར་ཁམས་རྫོང་བོད་ཤར་རིན་ཆེན་ཆང་ལས་ཚད་ཡོད་ཀུང་སི་རེད། རྒུན་ཆང་ཐོན་སྐྱེད་ཁེ་ལས་འདིའི་2018ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི་2000ལས་བརྒལ་ཡོད། “ད་ལོའི་ཐོན་ཚད་ཏུན་400ལས་བརྒལ་བ་དང་། ཕྱིར་འཚོང་ཡོང་འབབ་སྒོར་ཁྲི་3000ལས་བརྒལ་བའི་རེ་བ་ཡོད་”ཅེས་ཕྱིར་འཚོང་འགན་འཁུར་བ་ཆོས་མཚོས་དེ་ལྟར་བཤད།

ཆོས་མཚོ་ནི་དེ་སྔ་གཞུང་ཞབས་པ་ཞིག་ཡིན་པ་དང་ཕྱིས་སུ་ལས་ཀ་དེ་སྐྱུར་འདུག 2009ལོར། ཁོ་མོའི་གཅེན་པོ་བློ་བཟང་ཚེ་རིང་གིས་ནུབ་བྱང་ཞིང་ལས་སློབ་ཆེན་གྱི་རྒུན་འབྲུམ་དང་རྒུན་ཆང་ཆེད་ལས་ནས་ཐོན་པའི་འབུམ་རམས་པ་ཀའོ་ཅེ་དང་མཉམ་འབྲེལ་བྱས་ནས། བོད་ལྗོངས་སྨར་ཁམས་རྫོང་བོད་ཤར་རིན་ཆེན་ཆང་ལས་ཚད་ཡོད་ཀུང་སི་བཙུགས་པ་རེད། འདི་ནི་བོད་ཀྱི་རྒུན་ཆང་ཐོན་སྐྱེད་བྱེད་པའི་ཁེ་ལས་དང་པོ་དེ་ཡང་རེད།

ད་ཆ་ཁོང་ཚོའི་ཁོངས་སུ་གཏོགས་པའི“ཏ་མེ་དབྱང”སྤུས་རྟགས་ཀྱི་རྒུན་ཆང་ལ་བོད་ལྗོངས་ནང་ཁུལ་གྱི་ཁྲོམ་རར་བསྔགས་བརྗོད་ཐོབ་འདུག

ངོ་སྤྲོད་བྱས་པར་གཞིགས་ན། ས་གནས་དེ་གར་ད་དུང་རྒུན་ཆང་ཐོན་སྐྱེད་ཁེ་ལས་ཁ་ཤས་ཡོད་པ་དང་། སྨར་ཁམས་རྫོང་གིས་ཀྱང་རྒུན་ཆང་གཙོ་གནད་ཐོན་ལས་ལ་བརྩིས་ནས་རོགས་སྐྱོར་བྱས་ཏེ། མུའུ་ཁྲི་ཟིན་པའི་རྒུན་འབྲུམ་རྟེན་གཞི་བཙུགས་ཡོད་པ་རེད། དེས་ས་གནས་དེ་གའི་མང་ཚོགས་ཀྱིས་རྒུན་འབྲུམ་འདེབས་པའི་ཧུར་སེམས་བསྐྱེད་ཡོད་པ་མ་ཟད། མང་ཚོགས་ཀྱི་དངུལ་སྨར་ཡོང་འབབ་ཀྱི་ཡོང་ཁུངས་གལ་ཆེན་ཞིག་ཏུ་གྱུར་ཡོད། 2018ལོར། འཇང་རིགས་ཤང་གིས་ཁྱོན་རྒུན་འབྲུམ་མུའུ་3018.3བཏབ་འདུག