བྱེ་རྡོའི་གསེབ་ནས་རེ་བ་གསར་པ་རྙེད།
སྤེལ་བའི་དུས་ཚོད། : 2019-06-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

—ཡུན་ནན་ཤིས་ཁྲོའུ་རྫོང་གི་དབུལ་སྒྲོལ་སྐོར་བཀོད་པ།

ཡུན་ནན་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དུ་ཆགས་པའི་ཤིས་ཁྲོའུ་རྫོང་ནི་ཡུན་ནན་དང་ཐ་ན་རྒྱལ་ཡོངས་ཀྱི་བྱེ་རྡོ་ཅན་ཚབས་ཆེ་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་ཞིང་། རྫོང་ཡོངས་ཀྱི་སྤྱི་ལེ་ངོས་གྲུ་1506གི་རྒྱལ་ཁབ་ཀྱི་ས་ཁྱོན་99.9%རི་ཁུལ་དུ་གནས་ཤིང་། ཁཱ་སི་ཐེ་ས་དབྱིབས་ཁོ་ནས་ས་ཁྱོན་75.4%བཟུང་ཡོད། སྔོན་ཆད་དེ་གར་འཚོ་གནས་ཀྱི་ཆ་རྐྱེན་སྤྱིར་ན་འཛོམས་མེད་ཅིང་། རི་མཐོ་ལ་རྡོ་མང་བ་དང་དབུལ་ཕོངས་རྗེས་ལུས་ནི་གནས་དེས་ཕྱི་མིར་བཞག་པའི་བག་ཆགས་ཟབ་ཤོས་དེ་རེད།

ད་ཆ་འདི་གའི་གྲོང་སྡེ་ཡོངས་ལ་གཞུང་ལམ་བསྐྲུན་པ་དང་བྱེ་རྡོ་བཤངས་ནས“སྐས་ཞིང”ཆེན་པོ་བཟོས་ཡོད། འདི་ལོའི་ཟླ་4ཚེས་30ཉིན་ཡུན་ནན་ཞིང་ཆེན་སྲིད་གཞུང་གིས་ཤིས་ཁྲོའུ་རྫོང་དབུལ་སྒྲོལ་གྱི་ཚད་གཞིར་སླེབས་ཏེ་དབུལ་ཕོངས་ཀྱི་གྲལ་ནས་ཕྱིར་འཐེན་བྱས་ཡོད་ཅེས་ཁྱབ་བསྒྲགས་བྱས། ཤིས་ཁྲོའུ་རྫོང་གི་དབུལ་སྒྲོལ་གཏམ་རྒྱུད་ནི་ང་ཚོས་མྱོང་རོལ་བྱེད་རིན་ཡོད་པ་ཞིག་རེད།

བསྒུགས་ནས་སྡོད་པ་ལས་བྱ་བ་དངོས་སྒྲུབ་པར་གཞོལ་ན་ཕུགས་རེ་ཆེ། 1990ལོའི་ཟླ་12ཚེས་3ཉིན་ཝང་ཐིང་ཝུའེ་དང་ལིའུ་ཏེང་རུང་སོགས་ཏང་ཡོན་དང་ལས་བྱེད་པས་པང་ཀུ་ཤང་མུ་ཀྲེ་གྲོང་ཚོའི་མང་ཚོགས་300ལྷག་ཙམ་གྱི་སྣེ་ཁྲིད་དེ“སྡོད་ཁང་སྤོ་བ་ལས་བྱེ་རྡོ་སྤོས་ན་བཟང”བའི་འབོད་བརྡ་བསྒྲགས་ཏེ་སྐྱེས་ཕོ་མོ་རྒན་དར་གཞོན་གསུམ་ཚང་མས་ཉིན་105དཀའ་བ་དང་དུ་བླངས་ཤིང་། རྒྱག་ཐོ་དང་ལྕགས་ཧྲེང་སོགས་གདོད་མའི་ལག་ཆར་བརྟེན་ཏེ་བྱེ་རྡོའི་གསེབ་ནས་ལུད་སྲུང་དང་། ཆུ་སྲུང་། ས་སྲུང་བཅས“སྲུང་སྐྱོང་གསུམ”གྱི་སྐས་ཞིང་མུའུ་600ལྷག་ཙམ་གསར་སྦོལ་བྱས་པར་མ་རྨོས་ལོ་ཏོག་ཐོན་འཕར་ལྡབ་4བྱུང་བ་རེད།

འབོད་སྒྲ་ཆེན་པོ་དེས་ཤིས་ཁྲོའུ་ཡི་མི་དམངས་དང་བྱེ་རྡོ་ཅན་ནམ་བྱེ་རྡོའི་གསེབ་ནས་ཞིང་ཁ་གསར་སྦོལ་བྱེད་པའི་འཐབ་རྩོད་དངོས་སུ་འགོ་ཚུགས་ཡོད། རེ་བས་ཕྱུག་པའི་གྲོང་སྡེ་ཁག་གི་མང་ཚོགས་ཚང་མ་བྱེ་རྡོ་བཤངས་ནས་ཞིང་ཁ་གསར་སྦོལ་བྱེད་པའི་དམག་འཐབ་ལ་ཚ་ཚ་འུར་འུར་ངང་ཞུགས།

ས་གནས་དེ་གའི་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་བབ་བསྟུན་སྣེ་ཁྲིད་ཀྱིས་བྱེ་རྡོ་བཤངས་ནས་ཞིང་ཁ་གསར་སྦོལ་བྱེད་པ་དང་ཐོན་འབབ་དམའ་འབྲིང་གི་ཞིང་ཁར་སྒྱུར་བཀོད་གཏོང་བ་དང་ཁ་གསབ་སྤྲོད་པའི་སྲིད་ཇུས་བཟོས་ཏེ། རྫོང་ཡོངས་སུ་བྱེ་རྡོ་བཤངས་ནས་ཞིང་ཁ་གསར་སྦོལ་གཙོ་བོར་བྱེད་པའི་གཞི་རྩའི་ས་ཞིང་གསར་སྦོལ་གྱི་མཐོ་རླབས་ཤིག་འཕྱུར་བར་བྱས།

སྲུང་སྐྱོང་གསུམ་གྱི་ས་ཞིང་ཡོད་པས་འབྲུ་རིགས་ཀྱི་ཐོན་འཕར་ཆེས་ཆེར་སོང་ནས་ལྟོས་གྲོད་པ་མི་རྒྱགས་པའི་གནད་དོན་ཐག་གཅོད་བྱུང་མོད། འོན་ཀྱང་ཕྱིར་སྐྱོད་དཀའ་བ་ནི་སྔར་བཞིན་དཀའ་གནད་ཅིག་རེད།

གྲོང་སྡེ་རེ་རེས“འཕེལ་རྒྱས་གཏོང་བར་སྔོན་ལ་ལམ་བཟོ་དགོས”པའི་འབོད་ཚིག་བསྒྲགས་ཏེ“བསྒུགས་ནས་སྡོད་པ་ལས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ན་དགའ”བའི་དམ་བཅའ་བཞག་པ་རེད།

ཅི་ཅེ་ཤང་གི་ཤའོ་ཅ་ཐང་གྲོང་ཚོར་ཏེང་ཀྲའོ་ཚའེ་དང་། ཧའུ་ཧྲོའུ་ཀའོ། ཡའོ་ཧྲེ་ཡོན། ཡའོ་ཧྲེ་པིན་བཅས་ཀྱིས་ཉིན་ལྟར་ཞོགས་པའི་ཆུ་ཚོད་བདུན་དང་ཕྱེད་ཀར་ལས་འགོ་འཛུགས་པ་དང་དགོང་དྲོའི་ཆུ་ཚོད་བརྒྱད་པར་ལས་མཚམས་བཞག་ནས་དཀའ་བ་ལོ་6སྤྱད་དེ་རྡོ་རིའི་གསེབ་ཏུ་གཞུང་ལམ་སྤྱི་ལེ་5བཟོས་པ་ལས་ད་ཆ་ཟོག་འདྲེན་རླངས་འཁོར་ཆུང་གྲས་ཁྱིམ་ཚང་མི་རེ་ངོ་རེའི་སྒོ་འགྲམ་དུ་གཏོང་ཐུབ་ཀྱི་ཡོད། ཏེང་ཀྲའོ་ཚའེ་ཡི་མཛུབ་མོ་གཅིག་རྡོའི་འོག་ཏུ་ཚུད་ནས་ཆད་རུང་སྨན་བཅོས་སྟབས་བདེ་ཞིག་བྱས་ཏེ་མུ་མཐུད་ལམ་བཟོ་བའི་ལས་ལ་ཞུགས།

ལོ་20ཡི་རིང་ས་གནས་དེ་གའི་མང་ཚོགས་ཀྱིས་ངར་ཤུགས་གཅིག་ཏུ་བསྒྲིམས་ཏེ་རི་མཐོ་གཡང་གཟར་དུ་སྤྱི་ལེ་3000ལྷག་ཙམ་གྱི་གཞུང་ལམ་བཟོས་ཤིང་། གཞུང་ལམ་གྱི་ཁྱབ་ཚད་ཡུན་ནན་ཞིང་ཆེན་གྱི་ཆ་སྙོམས་ཆུ་ཚད་ཀྱི་ལྡབ་3ཡིན་པ་དང་སྲིད་འཛིན་གྲོང་ཚོ་དང་རང་བྱུང་གྲོང་ཚོ་ཚང་མར་གཞུང་ལམ་བཟོས་ཡོད།

ལོ་20ཡི་རིང་ས་གནས་དེ་གའི་མང་ཚོགས་ཀྱིས་བྱེ་རྡོ་བཤངས་ནས་ས་ཞིང་མུའུ་ཁྲི་10ལྷག་ཙམ་གསར་སྦོལ་བྱས་པ་ལས་མི་རེའི་ཆ་སྙོམས་རྨོ་ཞིང་དེ་སྔོན་གྱི་མུའུ་0.3ནས་མུའུ་0.78བར་འཕར་ནས་གྲོང་མི་རྣམས་བྱེ་རྡོའི་གསེབ་ཏུ་ཞིང་ཁ་འདེབས་པའི་ཐབས་ཟད་འུ་ཐུག་གི་གནས་ལས་ཐར་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྫོང་ཡོངས་ཀྱིས་བྱེ་རྡོ་ཅན་སྤྱི་ལེ་ངོས་གྲུ་140.2བཅོས་སྒྲིག་བྱས་པ་དང་། རི་རྒྱ་བསྡམས་ནས་ནགས་ཚལ་མུའུ་ཁྲི་12.62གསོས་པ། མི་ཐབས་ལ་བརྟེན་ནས་ནགས་ཤིང་མུའུ་ཁྲི་3.35བཏབ་པ་ལས་ནགས་ཚལ་ཁྱབ་ཚད་དུས་རབས་20ཡི་ལོ་རབས་80པའི་25.24%ནས་53.3%བར་མཐོ་རུ་སོང་ཡོད།

ཤིས་ཁྲོའུ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཅང་ཅུན་གྱིས། ཤིས་ཁྲོའུ་མི་དམངས་ཀྱིས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་བྱེ་རྡོ་ཅན་གྱི་ས་ཆ་ནས་དབུལ་སྒྲོལ་གྱི་ལམ་གསར་ཞིག་བཏོད་པ་ལས་རེ་བ་ཟད་པའི་ས་ཆ་དེའི“དབུལ་པོའི་ཞྭ་མོ”སྔོན་ལ་ཕུད་ཐུབ་སོང་ཞེས་བཤད།