ཐུའོ་ཁ་ཡེ་ཕུའུ་ཧ་སག་ཁེ་སི་ཐན་གྱི་ཙུང་ཐུང་དུ་བདམས་ཐོན་བྱུང་བ་དང་། ལས་འགན་ཨང་དང་པོ་ནི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་དེ་ཡིན།
སྤེལ་བའི་དུས་ཚོད། : 2019-06-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་10ཉིན་ཧ་སག་ཁེ་སི་ཐན་གྱི་ཀྲུང་དབྱང་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་བྱས་པའི་ཐོག་མའི་བསྡོམས་རྩིས་མཇུག་འབྲས་ལ་གཞིགས་ན། ད་ལྟ་ཧ་སག་ཁེ་སི་ཐན་གྱི་ཙུང་ཐུང་འགན་གནས་བཞེས་བཞིན་པའི་ཐུའོ་ཁ་ཡེ་ཕུའུ་ལ་སྤྱི་ཚེས་9ཉིན་སྐོང་འཚོགས་བྱས་པའི་ཙུང་ཐུང་འདེམས་བསྐོའི་ནང་དུ་འདེམས་ཤོག་ཐོབ་ཚད་བརྒྱ་ཆ་70ལས་བརྒལ་བ་ཐོབ་ནས་འདེམས་ཡ་གཞན་ལས་རྒྱལ་བ་དང་། ཙུང་ཐུང་ལ་འདེམས་བསྐོ་བྱེད་རྒྱུར་གཏན་འཁེལ་ཐུབ་ཡོད་པ་རེད།

དབྱེ་ཞིབ་མི་སྣས། ཆབ་སྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་དང་དེ་བཞིན་དུ་ཧ་སག་ཁེ་སི་ཐན་གྱི་ཙུང་ཐུང་དང་པོ་ནཱ་བཀྲ་པ་ཡེ་ཕུའུ་ཡིས་ཡིད་ཆེས་དང་རྒྱབ་སྐྱོར་འཐོབ་པར་བརྟེན། ཐུའོ་ཁ་ཡེ་ཕུའུ་བདམས་ཐོན་བྱུང་བ་དེ་ནི་དེའི་གོང་གི་དམངས་འདོད་བརྟག་དཔྱད་ཀྱི་སྔོན་དཔག་དང་མཐུན་ཡོད། ཐུའོ་ཁ་ཡེ་ཕུའུ་ཡིས་འབྱུང་འགྱུར་མུ་མཐུད་དེ་ནཱ་བཀྲ་པ་ཡེ་ཕུའུ་ཡི་དུས་རབས་ཀྱི་སྣེ་མང་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་བྱེད་རྒྱུ་དང་། དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་དང་ལྷག་དོན་དུ་ཕྱོགས་ཁག་གི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་ཕྱོགས་རྐྱང་པའི་ལེགས་བཅོས་བྱེད་པའི་དཔལ་འབྱོར་གྲུབ་ཆར་སྐུལ་འདེད་གཏོང་རྒྱུ་དེ་ནི་ཐུའོ་ཁ་ཡེ་ཕུའུ་ཡི་ལས་འགན་ཨང་དང་པོ་འགྱུར་རྒྱུ་ཡིན་པའི་ངོས་འཛིན་གནང་ཡོད་པ་རེད།

ཙུང་ཐུང་འདེམས་བསྐོ་མ་བྱས་པའི་གོང་དུ་ཧ་སག་ཁེ་སི་ཐན་གྱི་དམངས་འདོད་བརྟག་དཔྱད་མང་པོ་ཞིག་ལས་མངོན་པར། ཐུའོ་ཁ་ཡེ་ཕུའུ་ལ་འདེམས་ཤོག་འཕེན་གྲངས་མང་ཤོས་ཡིན་པའི་སྔོན་དཔག་ཐུབ་ཡོད། གླེང་ཕྱོགས་ནས། ནཱ་བཀྲ་པ་ཡེ་ཕུའུ་དང་དེ་བཞིན་སྲིད་ཏང་མེས་རྒྱལ་འོད་སྣང་ཏང་གིས་ཡོངས་སུ་རྒྱབ་སྐྱོར་འཐོབ་པ་དང་། ཐུའོ་ཁ་ཡེ་ཕུའུ་རང་ཉིད་ཀྱི་སྤྱི་ཚོགས་དབང་གྲགས་དང་སྲིད་སྐྱོང་གི་ཉམས་མྱོང་ཕུན་སུམ་ཚོགས་པོ་དེ་ནི་འདེམས་བསྐོའི་ཁྲོད་ལས་རྒྱལ་ཁ་འཐོབ་པའི་རྨང་གཞིར་གྱུར་ཡོད་པ་རེད།

ནཱ་བཀྲ་པ་ཡེ་ཕུའུ་ཡིས་ད་ལོའི་སྤྱི་ཟླ་3པའི་ཚེས་19ཉིན་ཙུང་ཐུང་གི་འགན་གནས་ནས་དགོངས་ཞུ་བྱེད་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་ཁོང་གིས་འགན་ཡུན་འཁུར་ཡུན་ནི་སྤྱི་ལོ་2020ལོའི་ཟླ་བ་4པར་མཇུག་སྒྲིལ་རྒྱུ་ཡིན་པ་རེད། སྤྱི་ཟླ་3པའི་ཚེས་20ཉིན། སྐབས་དེ་དུས་གྲོས་ཚོགས་སྟོད་པའི་གྲོས་དཔོན་གྱི་འགན་གནས་བཞེས་བཞིན་པའི་ཐུའོ་ཁ་ཕེ་ཕུའུ་ཡིས་རྩ་ཁྲིམས་ལྟར་ཙུང་ཐུང་གསར་པའི་འགན་གནས་བཞེས་རྒྱུའི་དམ་བཅའ་བཞག་པ་རེད། ཐུའོ་ཁ་ཡེ་ཕུའུ་ཡིས་སྤྱི་ཟླ་4པའི་ཚེས་9ཉིན་ཙུང་ཐུང་བཀའ་རྒྱར་མཚན་རྟགས་བཀོད་དེ་ཧ་སག་ཁེ་སི་ཐན་གྱི་ཙུང་ཐུང་འདེམས་བསྐོ་དེ་ད་ལོའི་སྤྱི་ཟླ་6པའི་ཚེས་9ཉིན་སྔ་སྣུར་བྱེད་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

ཐུའོ་ཁ་ཡེ་ཕུའུ་ནི་དབྱིན་ཡིག་དང་རྒྱ་ཡིག་ལ་བྱང་ཆུབ་པ་དང་། དེ་སྔ་ཀྲུང་གོར་བཅར་སྡོད་སུའུ་ལན་གཞུང་ཁང་དུ་ལས་དོན་བསྒྲུབས་མྱོང་ཡོད་པ་མ་ཟད། ཧ་སག་ཁེ་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་དང་སྲིད་གཞུང་གི་ཙུང་ལི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ། དེ་བཞིན་དུ་ཧ་སག་ཁེ་སི་ཐན་གྱི་གྲོས་ཚོགས་སྟོད་པའི་གྲོས་དཔོན་སོགས་ཀྱི་ལས་འགན་གལ་ཆེན་བཞེས་མྱོང་ཡོད་པ་རེད། ནཱ་བཀྲ་པ་ཡེ་ཕུའུ་ཡིས་དེ་སྔ་ཐུའོ་ཁ་ཡེ་ཕུའུ་ཡིས་ཧ་སག་ཁེ་སི་ཐན་གྱི་དཔལ་འབྱོར་ཆབ་སྲིད་གནས་བབ་ལ་རྒྱུས་མངའ་ཆེན་པོ་ཡོད་པས་ཧ་སག་ཁེ་སི་ཐན་གྱི་བཅོས་སྐྱོང་འགན་གནས་ཁོང་ལ་སྤྲོད་རིན་ཡོད་ཅེས་གསུངས་པ་རེད།

དབྱེ་ཞིབ་མི་སྣས། འདེམས་བསྐོའི་ནང་ཞུགས་པའི་དེ་མིན་སྲིད་ཏང་གི་འཐུས་མིའི་འོས་མི་དང་བསྡུར་ཚེ། ནཱ་བཀྲ་པ་ཡེ་ཕུའུ་ཡིས་འོས་སྦྱོར་ཞུས་པ་དང་། སྲིད་འཛིན་ཏང་མེས་རྒྱལ་འོད་སྣང་ཏང་གི་འཐུས་མི་ཐུའོ་ཁ་ཡེ་ཕུའུ་ནི། ཆབ་སྲིད་ཀྱི་ཐོན་ཁུངས་ཡིན་ནའང་སྦྲག་ཡང་ན་མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་ཚད་ངོས་ནས་བཤད་ནའང་སྦྲགས། གང་ལྟར་བལྟོས་མེད་ཀྱི་བཟང་ཆ་ངེས་ཅན་ལྡན་ཡོད་པ་རེད། ཐུའོ་ཁ་ཡེ་ཕུའུ་ད་ཐེངས་ཀྱི་འདེམས་ཐོན་ནང་བདེ་བླག་ངང་བདམས་པ་དེས་ཧ་སག་ཁེ་སི་ཐན་སྲིད་དབང་བརྟན་ལྷིང་ངང་བར་བརྒལ་ཐུབ་པ་དང་སྤྱི་ཚོགས་བརྟན་ལྷིང་དང་རྒྱུན་མཐུད་ལ་སྲུང་སྐྱོང་ཐུབ་ནས་ཕྱི་ཕྱོགས་མ་དངུལ་ནང་འདྲེན་བྱེད་རྒྱུར་ཕན་ཐོགས་ཡོད་ཅེས་གསུངས་པ་རེད།

ཧ་སག་ཁེ་སི་ཐན་ནི་སྤྱི་ལོ་1991ལོར་རང་བཙན་བྱུང་རྗེས། ནཱ་བཀྲ་པ་ཡེ་ཕུའུ་ཡིས་ཐོན་ཁུངས་རྒྱལ་བཙུགས་སྲིད་ཇུས་གཏན་འཁེལ་བྱས་པ་ལས་ཕན་ཁེ་ཐོབ་ཡོད་པ་དང་། དཔལ་འབྱོར་གོང་འཕེལ་ལ་གྲུབ་འབྲས་རླབས་ཆེན་ཐོབ་ཡོད། དཔལ་འབྱོར་གྱི་སྤྱི་འབོར་འཕར་ཚད་ལྡབ་15ཟིན་པ་དང་། གྲོང་མིའི་ཡོང་འབབ་ལྡབ་9འཕར་བ། མི་རེའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་རྒྱལ་ཁབ་ཀྱི་ཆུ་ཚད་མཐོ་འབྲིང་གི་གནས་བབ་ཏུ་སླེབས་ཡོད། དེ་དང་ཆབས་གཅིག་ཏུ། ཧ་སག་ཁེ་སི་ཐན་གྱི་རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་ཡང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། རྒྱལ་སྤྱིའི་གར་སྟེགས་ཐོག་གི་གནས་བབ་ཀྱང་གལ་ཆེ་ནས་གལ་ཆེ་བཟུང་ཡོད་པ་རེད།

ཡིན་ནའང་། སྤྱི་ལོ་2008ལོར་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ཐོན་རྗེས། རྒྱལ་སྤྱིའི་ཁྲོམ་རའི་ཚོང་ཟོག་འབོར་ཆེན་གྱི་རིན་གོང་ཆེས་ཆེར་ཆགས་པ་དང་ཐོན་ཁུངས་ཕྱིར་གཏོང་ལ་བརྟེན་པའི་ཧ་སག་ཁེ་སི་ཐན་གྱི་དཔལ་འབྱོར་ལ་བརྡབས་གསིག་ཆེན་པོ་ཐེབས་པ་དང་། ཧ་སག་ཁེ་སི་ཐན་གྱི་དཔལ་འབྱོར་གོང་འཕེལ་ཡོང་བར་ཚོད་འཛིན་ཐེབས་པས་གནད་དོན་མང་པོ་ཞིག་ཀྱང་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད། མ་གཞི་ཧ་སག་ཁེ་སི་ཐན་སྲིད་གཞུང་ནས་ཉེ་བའི་ལོའི་ནང་གཞི་ཁྱོན་ཆེ་བའི་སྒེར་དབང་ཅན་དང་རྨང་གཞིའི་སྒྲིག་ཆས་ལ་ལེགས་བཅོས་ཆེན་པོ་བྱེད་པ་སོགས་ཀྱི་བྱེད་ཐབས་མང་པོ་བཟུང་བ་དེས་དཔལ་འབྱོར་ཤུགས་ཚད་ཆེ་རུ་ཕྱིན་པ་དང་དཔལ་འབྱོར་རིམ་སྤར་ལ་སྐུལ་འདེད་ཐེབས་པ་མ་ཟད། ཕན་འབྲས་ཀྱང་ངེས་ཅན་ཐོན་ཡོད། འོན་ཀྱང་ཡུན་རིང་ནང་ཧ་སག་ཁེ་སི་ཐན་གྱི་དཔལ་འབྱོར་གྱི་ས་ཁོངས་གོང་འཕེལ་དོ་སྙོམས་མིན་པ་དང་དཔལ་འབྱོར་གྲུབ་ཆའི་ཕྱོགས་རྐྱང་པ་སོགས་གནད་དོན་མང་བ་མ་ཟད་རྩ་བའི་ཐོག་ནས་ཐག་གཅོད་ཐུབ་མེད་པ་རེད།

ཐུའོ་ཁ་ཡེ་ཕུའུ་ཡིས་དེ་སྔ་འདེམས་བསྐོའི་རྩ་འཛིན་ནང་དུ་བདམས་ཐོན་བྱུང་རྗེས་ཀྱི་སྔོན་འགྲོའི་ལས་འགན་ནི་གྲོང་མིའི་ཡོང་འབབ་མང་དུ་གཏོང་རྒྱུ་དང་གྲོང་མིའི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་མ་ཟད། དཔལ་འབྱོར་རྒྱུན་མཐུད་འཕར་སྣོན་ཡོང་རྒྱུར་འགན་ལེན་ཏན་ཏིག་བྱེད་རྒྱུ་ཡིན་ཞེས་ཁ་གསལ་སྟོན་ཡོད་པ་རེད།

ཧ་སག་ཁེ་སི་ཐན་གྱི་དབྱེ་ཞིབ་ནས་ཡོངས་ཁྱབ་ཐོག ཐུའོ་ཁ་ཡེ་ཕུའུ་སྲིད་སྟེགས་སུ་འཁོད་རྗེས་མུ་མཐུད་དེ་ནཱ་བཀྲ་པ་ཡེ་ཕུའི་དུས་རབས་ཀྱི་སྣེ་མང་ཕྱི་ཕྱོགས་འབྲེལ་བའི་སྲིད་ཇུས་རྒྱུན་འཁྱོངས་བྱེད་རྒྱུ་དང་། ཀྲུང་གོ་དང་། ཨུ་རུ་སུ། ཡོ་རོབ་མནའ་འབྲེལ། ཨ་རི་སོགས་ཕྱོགས་ཁག་དང་འབྲེལ་བ་གོང་འཕེལ་ཧུར་ཐག་གཏོང་རྒྱུ་དང་། ཧ་སག་ཁེ་སི་ཐན་གྱི་དཔལ་འབྱོར་གོང་འཕེལ་ལ་ཕན་ཐོགས་ཡོད་པའི་ཕྱི་ཕྱོགས་ཁོར་ཡུག་གཅིག་གཏོད་རྒྱུ་ཡིན་པའི་ངོས་འཛིན་བྱས་ཡོད། ཐུའོ་ཁ་ཡེ་ཕུའུ་ཡིས་ཀྲུང་གོར་རྒྱུས་མངའ་ཆེན་པོ་ཡོད་པ་རེད། ད་ལོའི་སྤྱི་ཟླ་4པར་ཁོང་གིས་ཨུ་རུ་སུའི་ཚགས་པར་ཞེས་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས་སུ། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་དེ་ནི་ཧ་སག་ཁེ་སི་ཐན་གྱི་ངོས་ནས་བརྗོད་ན་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད་ཅེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།