ཞི་ཅིན་ཕིང་གིས་པའོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་འཛམ་གླིང་བདེ་ཐང་གླེང་སྟེགས་ཀྱི་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོར་ཤིས་ཚིག་ཕུལ་བ།
སྤེལ་བའི་དུས་ཚོད། : 2019-06-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་6པའི་ཚེས་11ཉིན་པའོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་འཛམ་གླིང་བདེ་ཐང་གླེང་སྟེགས་ཚོགས་ཆེན་དེ་ཆིང་ཏའོ་རུ་འགོ་ཚུགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་བསྐུར་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། མི་ཚང་མར་བདེ་ཐང་ཉམས་སུ་མྱོང་རྒྱུ་ཡོད་པ་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་འདུན་པ་ཡིན་ལ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་གྲུབ་ཆ་གལ་ཆེན་གྱི་གྲས་ཤིག་ཀྱང་ཡིན། འཛམ་གླིང་ཧྲིལ་པོའི་འཕྲོད་བསྟེན་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུ་ནི་སྤྱི་ལོ་2030ལོར་རྒྱུན་མཐུད་གོང་འཕེལ་གྲོས་རིམ་དོན་འཁྱོལ་བྱེད་པའི་གྲུབ་ཆ་གལ་ཆེན་གྱི་གྲས་ཤིག་ཡིན། པའོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཨེ་ཤ་ཡ་དང་དེ་བཞིན་འཛམ་གླིང་གི་ཐུན་མོང་གོང་འཕེལ་དང་མི་དམངས་ཀྱི་བདེ་སྐྱིད་ལ་སྐུལ་འདེད་གཏོང་རྒྱུ་དམ་པ་དོན་དུ་གཉེར་བཞིན་ཡོད་ཅིང་། ད་ཐེངས་ཚོགས་ཆེན་སྐོང་འཚོགས་བྱས་པ་དེ་ནི་ཕྱོགས་འདིའི་ཐད་ནས་བརྗོད་ན་འབད་པ་ལྷོད་མེད་བྱེད་ས་གལ་ཆེན་ཞིག་ཡིན། ཚོགས་ཆེན་ནས་ཕྱོགས་ཁག་གི་སྟོབས་ཤུགས་དང་ཐུན་མོང་ངོས་འཛིན་གཅིག་བསྡུས་དང་། སྤེལ་རེས་བྱས་ཏེ་འཛམ་གླིང་ཧྲིལ་པོའི་བདེ་ཐང་བྱ་གཞག་དང་བདེ་ཐང་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་དང་། འཕྲོད་བསྟེན་བྱ་གཞག་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་བདེ་ཐང་དང་བདེ་སྐྱིད་ཀྱི་ཆེད་དུ་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་གསུངས་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།