ད་ལོའི་ཟླ་ལྔའི་སྔོན་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་དུས་མཚུངས་དང་བསྡུར་ན་བརྒྱ་ཆ་4.1འཕར་བས། བརྟན་པོའི་ངང་འཕར་བའི་འཕེལ་ཕྱོགས་མུ་མཐུད་རྒྱུན་འཁྱོངས་ཐུབ་པ།
སྤེལ་བའི་དུས་ཚོད། : 2019-06-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་སྤྱི་ཚེས་10ཉིན་ཡོངས་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན། ད་ལོའི་གོང་གི་ཟླ་བ་ལྔའི་ནང་། རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་ཆིག་འབུམ་ཉིས་ཁྲི་ཆིག་སྟོང་ཟིན་ཡོད་པས། དུས་མཚུངས་ལས་བརྒྱ་ཆ་4.1འཕར་ཡོད། རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་མུ་མཐུད་སྤྱི་ཡོངས་བརྟན་པོ་དང་། བརྟན་པོའི་ཁྲོད་གོང་འཕེལ་འགྲོ་བའི་འཕེལ་ཕྱོགས་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

ད་ལོའི་གོང་གི་ཟླ་བ་ལྔའི་ནང་། རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་མི་དམངས་ཤོག་སྒོར་དུང་ཕྱུར་ཆིག་འབུམ་ཉིས་ཁྲི་ཆིག་སྟོང་ཟིན་ཡོད་པས། ན་ནིང་གི་དུས་མཚུངས་དང་བསྡུར་ན་བརྒྱ་ཆ་4.1འཕར་ཡོད། དེའི་ཁྲོད། ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་དྲུག་ཁྲི་ལྔ་སྟོང་ཟིན་ཡོད་པས། དུས་མཚུངས་ལས་བརྒྱ་ཆ་6.1འཕར་ཡོད། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ལྔ་ཁྲི་དྲུག་སྟོང་ཟིན་ཡོད་པས། དུས་མཚུངས་ལས་བརྒྱ་ཆ་1.8འཕར་ཡོད། ཉོ་ཚོང་གཏོང་མང་ཡོང་ཉུང་གི་ཧེ་བག་སྒོར་དུང་ཕྱུར་བརྒྱད་སྟོང་དགུ་བརྒྱ་སུམ་བཅུ་སོ་གསུམ་དང་བྱེ་བ་དྲུག་ཟིན་ཡོད་པས། བརྒྱ་ཆ་45རྒྱ་ཆེར་ཕྱིན་ཡོད་པ་རེད། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཕྱོགས་བསྡུས་སྡོམ་རྩིས་སེའི་འགོ་འཛིན་ལི་ཁུའེ་ཝེན་གྱིས། ད་ལོའི་གོང་གི་ཟླ་བ་ལྔའི་ནང་། རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་བརྟན་པོའི་ངང་འཕར་སྣོན་འགྲོ་བའི་འཕེལ་ཕྱོགས་རྒྱུན་འཁྱོངས་ཐུབ་ཡོད། འཛམ་གླིང་དཔལ་འབྱོར་འཕར་སྣོན་དང་རྒྱལ་སྤྱིའི་ཉོ་ཚོང་འགོར་དུ་ཕྱིན་པའི་ཁོར་ཡུག་ཆེན་པོའི་མདུན་དུ། རང་རྒྱལ་གྱི་དཔལ་འབྱོར་བརྟན་པོའི་ཁྲོད་ཡག་ཏུ་འགྲོ་བ་དང་ཡུན་རིང་ཡག་ཏུ་འགྲོ་བའི་འཕེལ་ཕྱོགས་ཆེན་པོར་འགྱུར་བ་བྱུང་མེད་པ་དང་། དཔལ་འབྱོར་གོང་འཕེལ་གྱི་མི་མངོན་ནུས་པ་ཆེ་བ་དང་། གཏིང་ཤུགས་ཆེ་བའི་གཞི་རྩའི་རྣམ་པར་འགྱུར་བ་བྱུང་མེད། ད་ལོ་ནས་བཟུང་ཕྱི་ཕྱོགས་ཉོ་ཚོང་བརྟན་དུ་གཏོང་བ་དང་། ཕྱི་ཕྱོགས་མ་རྩ་བརྟན་དུ་གཏོང་བའི་སྲིད་ཇུས་བྱ་ཐབས་རབ་དང་རིམ་པ་བཟུང་བའི་ཕན་འབྲས་མགྱོགས་པོའི་ངང་མངོན་བཞིན་ཡོད་པ་དང་། ཚོང་གཉེར་ཁོར་ཡུག་ཟམ་མི་ཆད་པ་ལེགས་སུ་འགྲོ་བཞིན་ཡོད་པས། རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་དོ་སྙོམས་དང་བརྟན་པོའི་ངང་གོང་འཕེལ་འགྲོ་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་བསྟན་ཡོད་པ་རེད།

སྤྱི་ཟླ་5པར། རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་ཉིས་ཁྲི་ལྔ་སྟོང་དགུ་བརྒྱ་ཟིན་ཡོད་པས། བརྒྱ་ཆ་2.9འཕར་ཡོད། དེའི་ཁྲོད། ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་ཆིག་ཁྲི་བཞི་སྟོང་སུམ་བརྒྱ་ཟིན་་ཡོད་པས། བརྒྱ་ཆ་7.7འཕར་ཡོད།

ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཆིག་ཁྲི་ཆིག་སྟོང་དྲུག་བརྒྱ་ཟིན་ཡོད་པས། བརྒྱ་ཆ་2.5ཆག་ཡོད། ཉོ་ཚོང་གཏོང་མང་ཡོང་ཉུང་གི་ཧེ་བག་སྒོར་དུང་ཕྱུར་2791.2ཟིན་ཡོད་པས། བརྒྱ་ཆ་89.8རྒྱ་ཆེར་ཕྱིན་ཡོད། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་དབྱེ་ཞིབ་བྱས་པའི་ནང་། སྤྱིར་བཏང་ཉོ་ཚོང་མགྱོགས་མྱུར་འཕར་བ་མ་ཟད་བསྡུར་ཚད་མཐོ་རུ་ཕྱིན་པ་དང་། ཡོ་རབ་མནའ་འབྲེལ་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ། ལྗར་པན་སོགས་ཁྲོམ་ར་གཙོ་བོ་ནས་ནང་འདྲེན་བྱེད་ཚད་འཕར་བ། རྒྱུད་གཅིག་ལམ་གཅིག་ལམ་རྒྱུད་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་འཕར་ཚད་སྤྱི་ཡོངས་ལས་མཐོ་བ་ཡོད་པ། དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་འཕར་ཚད་མགྱོགས་པོ་ཡོད་པ་མ་ཟད་བཟུང་བའི་བསྡུར་ཚད་མཐོ་རུ་ཕྱིན་ཡོད། འཕྲུལ་གློག་ཐོན་རྫས་དང་། ངལ་རྩོལ་འདུས་ཚད་ཆེ་བའི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་འཕར་སྣོན་འགྲོ་བ་རྒྱུན་འཁྱོངས་ཐུབ་ཡོད། མ་བཅོས་སྣུམ་དང་རང་བྱུང་རླངས་སོགས་ཚོང་ཟོག་ནང་འདྲེན་བྱེད་ཚད་མང་དུ་ཕྱིན་པ་དང་། སྲན་ཆེན་ནང་འདྲེན་བྱེད་ཚད་ཉུང་དུ་ཕྱིན་ཡོད་ལ། ཚོང་ཟོག་ཆེ་གྲས་ནང་འདྲེན་བྱེད་པའི་ཆ་སྙོམས་རིན་གོང་འཕར་ཆག་གཉིས་མཚུངས་བྱུང་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། དབང་འདུས།