ཅེར་ཅེ་སི་སི་ཐན་དུ་བཅར་སྡོད་ཀྲུང་གོའི་གཞུང་ཆེན་མོ་བ་ཏུའུ་ཏེ་ཝུན་གྱིས། ཀྲུང་ཅེའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྒོ་ཀུན་ནས་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་གི་ཐོག་ཏུ་སླེབས་པ་བྱ་དགོས་ཞེས་གསུངས་པ།
སྤེལ་བའི་དུས་ཚོད། : 2019-06-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅེར་ཅེ་སི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་མ་ཟད་པི་ཧྲེ་ཀའེ་ཁེ་རུ་སྐོང་འཚོགས་བྱ་རྒྱུའི་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་འཛིན་པའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་དགུ་པར་ཞུགས་རྒྱུ་རེད། ཉིན་ཤས་གོང་ཅེར་ཅེ་སི་སི་ཐན་དུ་བཅར་སྡོད་ཀྲུང་གོའི་གཞུང་ཆེན་མོ་བ་ཏུའུ་ཏེ་ཝུན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། ཀྲུང་ཅེའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་27སོང་རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་སྐྱོན་བྲལ་བརྟན་ལྷིང་སྒོ་ནས་གོང་འཕེལ་འགྲོ་བའི་རྣམ་པ་བཟང་པོ་རྒྱུན་མཐུད་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་ནས་འཚམས་འདྲི་གནང་རྒྱུ་དེར་དོན་སྙིང་གལ་ཆེན་ལྡན་ཡོད་ལ། ཀྲུང་ཅེའི་འབྲེལ་བ་སྐས་རིམ་གསར་པ་ཞིག་གི་ཐོག་ཏུ་སླེབས་རྒྱུར་ཡིད་ཆེས་ཀྱང་ཡོད་ཅེས་གསུངས་པ་རེད།

ཏུའུ་ཏེ་ཝུན་གྱིས། ཅེར་ཅེ་སི་སི་ཐན་ནི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་ནང་ཧུར་ཐག་ངང་ཞུགས་སྔ་ཤོས་དང་རྒྱབ་སྐྱོར་བྱེད་སྔ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན། ཅེར་ཅེ་སི་སི་ཐན་གྱི་ལས་རིགས་ཁག་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དེ་མཉམ་ལས་ལ་ཇུས་འགོད་བྱེད་པ་དང་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་གོ་སྐབས་གསར་པ་ཞིག་ལ་བརྩི་བཞིན་ཡོད། ད་ལོའི་སྤྱི་ཟླ་4པར་ཅེར་ཅེ་སི་སི་ཐན་གྱི་ཙུང་ཐུང་རེ་ཨན་པེ་ཁོ་ཕུའུ་ནས་རྒྱུད་གཅིག་ལམ་གཅིག་གི་སྐབས་གཉིས་པའི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་ནང་ཞུགས་གནང་བ་དང་། རྒྱལ་ཁབ་གཉིས་པའོ་གཙོ་བདག་ནས་རྒྱུད་གཅིག་ལམ་གཅིག་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཅེར་ཅེ་སི་སི་ཐན་གྱི་སྤྱི་ལོ་2040ལོའི་གོང་འཕེལ་འཐབ་ཇུས་དང་སྦྲེལ་མཐུད་བྱེད་རྒྱུར་གཅིག་གྱུར་ཐོག་མོས་མཐུན་བྱུང་བ་དང་། ཀྲུང་ཅེའི་མཛའ་གྲོགས་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་སྐྲུན་རྒྱུར་སྐུལ་འདེད་བཏང་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་བར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེ་རིགས་དོན་འཁྱོལ་ནན་ཏན་བྱེད་རྒྱུ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དེ་གོ་སྐབས་སུ་བརྩིས་ནས། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།