རིགས་གཅིག་མཁས་པས། ཨ་རིས་ཨ་རི་བའི་བསམ་གཞིགས་བྱེད་སྟངས་ལ་བརྟེན་ནས་ཀྲུང་གོར་ཁ་ཚོན་གཅོད་པའི་བྱེད་སྟངས་དེ། མཐར་ཐུག་འཛམ་གླིང་ནས་དོར་ངེས་རེད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2019-06-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྐབས་གསར་པའི་ཨ་རིའི་སྲིད་གཞུང་གིས་སྲིད་འཛིན་བྱས་པ་ནས་བཟུང་། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོ་དང་ཐ་ན་འཛམ་གླིང་ཡོངས་ཀྱི་ཁེ་ཕན་ལ་མི་བལྟོས་པ་དང་། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་གཉིས་ཕན་མཉམ་རྒྱལ་གྱི་ངོ་བོ་སྣང་མེད་དུ་གཏོང་བ། དཔལ་འབྱོར་ཉོ་ཚོང་རྩོད་གཞི་ཡང་སེ་བསླངས་ནས། ཀྲུང་གོར་ཕྱོགས་རྐྱང་པའི་སྒོ་ཕྲལ་སྤོར་བའི་བྱ་ཐབས་བཟུང་ཡོད། ཧྥུ་ཏན་སློབ་ཆེན་ཀྲུང་གོ་ཞིབ་འཇུག་ཁང་གི་འགོ་འཛིན་ཀྲང་ཝེ་ཡིས་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས། ཨ་རིས་ཨ་རི་བའི་བསམ་གཞིགས་བྱེད་སྟངས་ལ་བརྟེན་ནས་ཀྲུང་གོར་ཁ་ཚོན་གཅོད་པའི་བྱེད་སྟངས་དེ། མཐར་ཐུག་འཛམ་གླིང་ནས་དོར་ངེས་རེད་ཅེས་བསྟན་ཡོད།

སྤྱི་ལོ་༡༩༧༦ལོར། ཨ་རིའི་ཙུང་ཐུང་ཉི་ཁེ་སུང་གིས་ཀྲུང་གོར་འཚམས་འདྲི་གནང་རྗེས་དང་། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་འབྲེལ་བ་དངོས་སུ་བཙུགས་མེད་པའི་གོང་། ཨ་རིའི་དུས་རབས་གཟའ་འཁོར་དུས་དེབ་ཅེས་པའི་ཁ་ཤོག་ཐོག་ཀྲུང་གོའི་འགོ་ཁྲིད་པ་ཏེང་ཞོ་ཕིང་གི་སྐུ་པར་བཀོད་པ་མ་ཟད་། ཀྲུང་གོ། གྲོགས་པོ་ཡིན་ནམ་ཡང་ན་དགྲ་བོ་ཡིན་ཞེས་པའི་དྲི་བ་བཏོན་ཡོད། དེའི་རྗེས་ཀྱི་ལོ་ངོ་༤༠ལྷག་ཙམ་གྱི་དུས་ཚོད་ནང་། ཨ་རི་བས་ཡང་བསྐྱར་དྲི་བ་དེ་ཐེངས་མང་བཏོན་པ་མ་ཟད་དེའི་སྐོར་ལ་གྲོས་བསྡུར་བྱས་ཡོད། ཧྥུ་ཏན་སློབ་ཆེན་ཀྲུང་གོ་ཞིབ་འཇུག་ཁང་གི་འགོ་འཛིན་ཀྲང་ཝེ་ཡིས། དྲི་བ་དེའི་ཐོག་ནས་བདེན་རྫུན་གསལ་འབྱེད་དང་། འདི་མིན་དེ་ཡིན་གྱི་ཨ་རི་བའི་དཔེ་མཚོན་གྱི་བསམ་གཞིགས་བྱེད་སྟངས་གསལ་པོ་མངོན་ཡོད། ཨ་རིའི་བའི་བསམ་གཞིགས་བྱེད་སྟངས་དེར་ང་ཚོས་ད་ལྟ་སྡོམ་མེད་རོལ་རྩེད་ཅེས་བརྗོད་ཀྱི་ཡོད་སྟེ། གྲོགས་པོ་མིན་ན་དགྲ་བོ་ཡིན། དེ་ཀྲུང་གོ་བའི་བསམ་གཞིགས་བྱེད་སྟངས་དང་རྦད་དེ་འདྲ་གི་མེད། ཀྲུང་གོ་བའི་བསམ་གཞིགས་བྱེད་སྟངས་ནི་ཅུང་ཁྱོན་ཡོངས་ཀྱི་བསམ་གཞིགས་བྱེད་སྟངས་ཞིག་ཡིན་ཞིང་། ཕ་རོལ་པོའི་དགེ་མཚན་མཐོང་ཐུབ་ཀྱི་ཡོད་པས། དགེ་བླངས་སྐྱོན་སྤངས་། མཉམ་ལས་གཉིས་རྒྱལ་ཡོང་བ་བྱེད་ཀྱི་ཡོད་ཅེས་བསྟན་འདུག

ཀྲང་ཝེ་ཡིས། ཨ་རི་བའི་བསམ་གཞིགས་བྱེད་སྟངས་དེ་རིགས་ལ་ཁ་གཏད་གཅོག་པའི་ཐབས་ཤེས་ཡག་ཤོས་ནི་ཕྱིར་བཤོལ་དང་གབ་གཡོལ་མི་བྱེད་པར། གདོང་ཐུག་ཤོར་བར་གཏན་ནས་མི་སྐྲགས་པ་དང་། ཁ་གཏད་མཐའ་འཁྱོལ་བར་གཅོག་རྒྱུ་དེ་ཡིན། ཀྲུང་ཨ་ཕྱོགས་གཉིས་ཀར་གྱོང་གུན་ཕོག་སྲིད། འོན་ཀྱང་ཨ་རིར་གྱོང་གུན་དེ་བས་ཆེ་བ་ཕོག་རྒྱུ་རེད། འགྲན་རྩོད་འདི་འདྲ་ཞིག་བརྒྱུད་རྗེས། ཨ་རི་བས་ཀྲུང་གོའི་གོང་འཕེལ་ནི་འགོག་ཐབས་གང་ཡང་མེད་པ་ཞིག་ཡིན་པ་དང་། ཀྲུང་གོ་ཁེར་རྐྱང་དུ་འཇོག་དགོས་བསམ་ན་ མཐའ་མཇུག་རང་ཉིད་ཁེར་རྐྱང་དུ་ལུས་པ་མཐོང་ངེས་རེད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་གཡུ་སྒྲོན།