ཀྲུང་གོའི་དཔལ་འབྱོར་རླུང་རླབས་ཁྲོད་བརྟན་པོའི་ངང་མདུན་སྐྱོད་བྱེད་པ་ཞེས་པའི་རྒྱལ་སྤྱིའི་དཔྱད་གླེང་།
སྤེལ་བའི་དུས་ཚོད། : 2019-06-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ད་ལྟ་ཀྲུང་གོའི་དཔལ་འབྱོར་རླུང་རླབས་ཁྲོད་བརྟན་པོའི་ངང་མདུན་སྐྱོད་བྱེད་པ་ཞེས་པའི་རྒྱལ་སྤྱིའི་དཔྱད་གླེང་ཞིག་ཞུ་གི་ཡིན།

དཔྱད་གླེང་ནང་། འཛམ་གླིང་གི་དཔལ་འབྱོར་ཉོ་ཚོང་གདོང་གཏུག་ཤུགས་ཆེར་འགྲོ་བ་དང་། རྒྱལ་སྤྱིའི་ཕྱིར་གཏོང་ནང་འདྲེན་དལ་དུ་འགྲོ་བའི་ཁོར་ཡུག་ཆེན་པོའི་འོག་ད་ལོའི་སྤྱི་ཟླ་དང་པོ་ནས་ལྔ་པའི་ནང་། ཀྲུང་གོའི་ཕྱི་ཕྱོགས་ཉོ་ཚོང་སྔར་བཞིན་བརྟན་འཕར་རྒྱུན་འཁྱོངས་བྱུང་བ་དང་། གུང་གསེང་འཛད་སྤྱོད་མུ་མཐུད་ཤུགས་ཆེར་སོང་ཡོད། དེའི་ཐོག་ནས་ཀྲུང་གོའི་དཔལ་འབྱོར་གྱི་རྒྱ་མཚོའི་གཞི་ཁྱོན་ཆེ་བ་དང་། རྨང་གཞི་བརྟན་པ། བརྐྱང་བསྐུམ་ནུས་ཤུགས་ཆེ་བ་བཅས་གསལ་བཤད་གང་ལེགས་བྱུང་ཡོད། ཕྱི་རོལ་དུ་ཆར་རླུང་ཇི་ཙམ་ལྡང་རུང་དེ་ནི་རྒྱ་མཚོའི་ཆུ་ཐིགས་ཙམ་ཡིན་ཞིང་། མཐར་ཐུག་རྒྱ་མཚོ་ཆེན་པོར་ནུབ་ངེས་རེད། སྤུས་ཚད་མཐོ་བའི་གོང་འཕེལ་དེ་ཀྲུང་གོའི་དཔལ་འབྱོར་གྱི་དམིགས་བསལ་ཁྱོད་ཆོས་ཤིག་ཏུ་གྱུར་ཡོད།

མ་གཞི་ཨ་རིས་བསླངས་པའི་ཉོ་ཚོང་གདོང་གཏུག་ཀྱིས་ཀྲུང་གོའི་ དཔལ་འབྱོར་གྱི་རྒྱ་མཚོར་རླུང་རླབས་འཕྱུར་མོད། འོན་ཀྱང་ཀྲུང་གོའི་མངོན་ཚུལ་གྱི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས། ཀྲུང་གོའི་དཔལ་འབྱོར་གོང་འཕེལ་སྐྱོན་བྲལ་བརྟན་ལྷིང་གི་གཞི་རྩའི་རྣམ་པར་འགྱུར་བ་བྱུང་མེད་པ་དང་། སྤུས་ཚད་མཐོ་པོའི་གོང་འཕེལ་ལ་འདེགས་སྐྱོར་བྱེད་པའི་ཐོན་སྐྱེད་རྒྱུ་ཆའི་ཆ་རྐྱེན་ལ་འགྱུར་བ་བྱུང་མེད་པ། ཡུན་རིང་བརྟན་ཐོག་ལེགས་འཕེལ་གྱི་སྤྱིའི་གནས་བབ་ལ་འགྱུར་བ་བྱུང་མེད་པ་བཅས་མཐོང་ཐུབ་པ་བྱས་ཡོད། གནས་བབ་ཆེན་པོ་དེ་འདྲའི་མདུན་དུ། ཀྲུང་གོའི་དཔལ་འབྱོར་གྱི་རྒྱ་མཚོ་ཆེན་པོ་འདིར་ཆར་རླུང་ཇི་ལྟར་ལྡང་རུང་དེ་ནི་རྦ་རླབས་འཕྱུར་མི་ཐུབ་པའི་ཆུ་ཐིགས་ཙམ་རེད། ཀྲུང་གོས་མུ་མཐུད་རང་ཉིད་ཀྱི་དབྱངས་འགྲོས་ལྟར་བསྒྱུར་བཅོས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། སྒོ་དབྱེ་རྒྱ་ཆེར་གཏང་ནས། རང་ཉིད་ཀྱི་བྱ་བ་ཡག་པོ་བསྒྲུབ་རྒྱུ་ཡིན། རླུང་རླབས་འཇགས་རྗེས། ཀྲུང་གོའི་དཔལ་འབྱོར་གྱི་རྒྱ་མཚོ་འདིའི་སྒུལ་ཤུགས་དེ་བས་རྔམ་བརྗིད་ཆེ་བར་འགྱུར་རྒྱུ་རེད་ཅེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།