ཝང་ཡང་གསར་གཏོད་སྒུལ་ཤུགས་ཀྱིས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྣེ་ཁྲིད་བྱེད་ཅེས་པའི་བརྟག་ཞིབ་ཞིབ་གྲོས་བཞུགས་མོལ་ཚོགས་འདུར་ཞུགས་པ།
སྤེལ་བའི་དུས་ཚོད། : 2019-06-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡང་གིས་སྤྱི་ཚེས་༡༠ཉིན་པེ་ཅིན་དུ་དམངས་གཙོ་ཏང་ཤོག་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་མི་སྣ་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་འབྲེལ་ཡོད་འཐུས་མི་དང་བཞུགས་མོལ་གནང་བ་དང་། འབྲེལ་ཡོད་ཏང་ཤོག་ཚོགས་པས་སྤེལ་བའི་གསར་གཏོད་སྒུལ་ཤུགས་ཀྱིས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྣེ་ཁྲིད་བྱེད་ཅེས་པའི་བརྟག་ཞིབ་གྲུབ་འབྲས་ཐད་གྲོས་མོལ་གནང་ཡོད་པ་རེད།

ཝང་ཡང་གིས་འབྲེལ་ཡོད་ཏང་ཤོག་ཚོགས་པའི་བརྟག་ཞིབ་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཡོད། ཁོང་གིས། བརྟག་ཞིབ་བཞུགས་མོལ་གྲོས་ཚོགས་ནི་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་གསར་དུ་བཙུགས་པའི་སྲིད་ཏང་གི་ཞིབ་གྲོས་བྱ་ཐབས་གལ་ཆེན་ཤིག་ཡིན་པ་དང་། རང་རྒྱལ་གྱི་རྣམ་པ་གསར་པའི་སྲིད་ཏང་ལམ་ལུགས་ཀྱི་ཁྱད་ཆོས་དང་དགེ་མཚན་འདོན་སྤེལ་དང་། བརྟག་ཞིབ་ལས་དོན་ལ་ཤུགས་སྣོན་དང་ལེགས་སྒྱུར། དམངས་གཙོ་ཏང་ཤོག་ཁག་གིས་སྲིད་ཞུགས་སྲིད་གླེང་བྱེད་པའི་ཚན་རིག་རང་བཞིན་དང་ཕན་ནུས་རང་བཞིན་གོང་མཐོར་གཏོང་རྒྱུ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ཏང་ཤོག་ཚོགས་པ་ཁག་ནང་ཤེས་ལྡན་མི་སྣ་མང་བ་དང་། རིག་སྟོབས་བསྡུ་རུབ་ཆེ་བས། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་དང་མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ཐོག་དོ་ཁུར་བྱེད་པའི་གཙོ་གནད་གནད་དོན་ཐོག་གཅིག་སྡུད་བྱེད་པ། བདེན་གཏམ་འཛུགས་སྐྱོང་དང་། ཐུན་མོང་ངོས་འཛིན་གཅིག་སྡུད་བྱེད་པ། དོན་དངོས་ལས་དོན་སྒྲུབ་པ། སྲིད་སྐྱོང་བྱེད་ཐབས་ཐད་ཐབས་འདོན་ཇུས་འབུལ་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་བ་དང་ཆབས་ཅིག ཏང་དང་རྒྱལ་ཁབ་ཀྱི་གཙོ་གནད་མཛད་ཕྱོགས་སྲིད་ཇུས་ལ་རྒྱུས་ལོན་དང་ངོས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་བསམ་བློ་ཆབ་སྲིད་རྨང་གཞི་བརྟན་པོ་བཙུགས་ནས། རང་རྒྱལ་སྲིད་ཏང་གི་སྲིད་གྲོས་ལམ་ལུགས་སྔར་བས་གནད་སྨིན་དང་སྔར་བས་གཏན་འཁེལ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད།

དམངས་གཙོ་མནའ་འབྲེལ་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི་དང་། དམངས་གཙོ་རྒྱལ་བཙུགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན། ཀྲི་གུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཀང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་གྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ལིན་དབྱིས་ཧྥུ་བཅས་ཀྱིས་ཁག་སོ་སོར་འབྲེལ་ཡོད་ཀྱི་བརྟག་ཞིབ་གྲུབ་འབྲས་ངོ་སྤྲོད་གནང་ཡོད་པ་རེད། དམངས་གཙོ་མནའ་འབྲེལ་ཀྲུང་དབྱང་གིས་གྲངས་གཞིའི་དཔལ་འབྱོར་དང་དངོས་གཟུགས་དཔལ་འབྱོར་གཉིས་མཉམ་འདྲེས་གཏིང་ཟབ་བྱས་ནས། བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོ་འབྲིང་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུའི་གྲོས་འགོ་བཏོན་ཡོད་པ་རེད། དམངས་གཙོ་རྒྱལ་བཙུགས་ལྷན་ཚོགས་ཀྲུང་དབྱང་གིས་སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་དེང་རབས་ཞབས་ཞུའི་ལས་རིགས་གཉིས་མཉམ་འདྲེས་གོང་འཕེལ་གཏོང་རྒྱུར་གཞིགས་ཏེ། གང་མགྱོགས་གོང་འཕེལ་འཆར་འགོད་སྒྲིག་བཟོ་དང་། ཁྲལ་བསྡུ་དང་དངུལ་རྩ་སོགས་ཆ་སྦྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་གྲོས་འགོ་བཏོན་ཡོད་པ་རེད། ཀྲི་གུང་ཏང་ཀྲུང་དབྱང་གིས་རྒྱུད་གཅིག་ལམ་གཅིག་གི་གསར་གཏོད་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏང་ནས། ཚན་རྩལ་མཉམ་ལས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་བྱ་རྒྱུའི་གྲོས་འགོ་བཏོན་ཡོད་པ་རེད། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་གྱིས་དམངས་གཉེར་ཁེ་ལས་ཀྱིས་འགག་རྩའི་ཁྱབ་ཁོངས་ཀྱི་ལྟེ་བའི་ལག་རྩལ་གསར་གཏོད་ཁྲོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུའི་གྲོས་འགོ་བཏོན་ཡོད། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མིས་ལས་རིགས་ཁག་དབར་གྱི་མཐུན་རིགས་ལག་རྩལ་གྱི་ཞིབ་འཇུག་གསར་སྤེལ་མ་ལག་བསྐྱར་སྒྲིག་དང་། ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར་བྱེད་པའི་སྲིད་ཇུས་ཁྲིམས་སྲོལ་དང་སྐུལ་ལྕག་འགན་སྲུང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། འདྲ་མཉམ་ངང་འགྲན་རྩོད་བྱེད་པའི་གསར་གཏོད་ཀྱི་སྲིད་ཇུས་ཁོར་ཡུག་གཏོད་པ་བཅས་བྱས་ནས། རང་བརྟེན་གསར་གཏོད་ནུས་པ་གོང་མཐོར་ཤུགས་ཆེན་གཏང་སྟེ། བཟོ་སྐྲུན་ལས་རིགས་ཀྱི་དཀའ་གནད་འགག་གཏོར་བྱ་རྒྱུའི་གྲོས་འགོ་བཏོན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།