ཀྲུང་གོས་ཨ་རིའི་རྒྱལ་དོན་བློན་ཆེན་གྱི་དཀྲོག་གཏམ་ལ་ལན་སློག་པ།
སྤེལ་བའི་དུས་ཚོད། : 2019-06-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨ་རིའི་རྒྱལ་དོན་བློན་ཆེན་ཕེང་ཕེ་ཨའོ་ཡི་འཚམ་མིན་གཏམ་བརྗོད་ལ་ལན་སློག་པ།

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་ཆར་ཨ་རིའི་རྒྱལ་དོན་བློན་ཆེན་ཕེང་ཕེ་ཨའོ་ཡིས་སླར་ཡང་། ཀྲུང་གོའི་ཁེ་ལས་དང་མཉམ་ལས་བྱེད་པ་ནི་དོན་དངོས་ཐོག་ཀྲུང་གོའི་སྲིད་གཞུང་དང་མཉམ་ལས་བྱེད་པ་དང་འདྲ་མཚུངས་རེད། གང་ལྟར་ཧྭ་ཝེ་ཡི་འཕྲིན་གཏོང་ལག་རྩལ་བེད་སྤྱོད་བྱས་པ་ཙམ་གྱིས་གསང་དོན་དང་གྲངས་གཞིའི་སྲུང་སྐྱོབ་ལ་འགན་ལེན་བྱ་ཐབས་བྲལ་ཡོད་ཅེས་བརྗོད་ཡོད། དོན་དེར་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་སྤྱི་ཚེས་10ཉིན་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་ལན་སློག་ནས། བར་སྐབས་ཤིག་རིང་སྐུ་ཞབས་ཕེང་ཕེ་ཨའོ་ཡིས་ཡུལ་དུས་གང་སར་སླེབས་རུང་ཀྲུང་གོའི་སྐོར་གླེང་གི་ཡོད། འོན་ཀྱང་ཡིད་ཕམ་དགོས་པ་ཞིག་ལ་ཁོང་གི་འབྲེལ་ཡོད་གཏམ་བརྗོད་ནང་རྫུམ་གཏམ་དང་འཆལ་གཏམ་གྱིས་ཁེངས་ཡོད། དཔེར་ན་ཁོང་གིས་རྟག་ཏུ་བརྗོད་པའི་ཧྭ་ཝེ་ཀུང་སི་ལྟ་བུར་མཚོན་ན། ཨ་རིའི་ཕྱོགས་ནས་ཧྭ་ཝེ་སོགས་ཀྲུང་གོའི་ཁེ་ལས་ལ་བདེ་འཇགས་ཀྱི་ཉེན་ཁ་གནས་ཡོད་ཅེས་བརྗོད་ཀྱི་ཡོད། འོན་ཀྱང་ད་བར་མི་རྣམས་ཡིད་ཆེས་པའི་དཔང་རྟགས་གང་ཡང་སྟོན་རྒྱུ་མེད་ཅེས་གསུངས།

ཀེང་ཧྲོང་གིས། ཨ་རིའི་ཕྱོགས་ནས་ཉེས་མེད་སྐྱོན་འཛུགས་ཀྱིས་རྒྱལ་ཁབ་ཀྱི་སྟོབས་ཤུགས་བཀོལ་སྤྱོད་བྱེད་པ་དང་། རྒྱལ་ཁབ་ཀྱི་འཕྲུལ་ཆས་སྒུལ་ནས་ཧྭ་ཝེ་ལྟ་བུའི་ཀྲུང་གོའི་དམངས་གཉེར་ཁེ་ལས་འདི་འདྲ་ཞིག་ལ་རྡུང་རྡེག་གཏོང་བ་ནི། ཀུན་སྤྱོད་དང་མི་འཚམས་པ་དང་། ངོ་ཚར་འཛིན་དགོས་པ་ཞིག་ཡིན་ཞིང་། དེ་ནི་རྒྱལ་ཁབ་ཆེན་པོ་ཞིག་གི་ཆུ་ཚད་དང་མི་འཚམས་པ་ཞིག་ཡིན་ཞེས་ནན་སྟོན་གནང་ཡོད།

ཀེང་ཧྲོང་གིས། མི་སྔར་བས་མང་བས་ཀྲུང་གོའི་ཁེ་ལས་རྒྱལ་ཁབ་ཁག་གི་5Gའཛུགས་སྐྲུན་ནང་ཞུགས་རྒྱུར་དྲང་བདེན་གྱི་རྣམ་འགྱུར་འཛིན་གྱི་ཡོད་པ་དང་། རྒྱལ་ཁབ་སྔར་ལས་མང་བས་རང་ཚུགས་རང་བདག་ངང་རང་ངོས་ཁེ་ཕན་དང་འཚམ་པའི་གདམ་ཀ་བྱེད་བཞིན་ཡོད། སྐུ་ཞབས་ཕེང་ཕེ་ཨའོ་ནས། འཛམ་གླིང་གང་སར་དཀྲོག་གཏམ་ངན་སྨྲས་བྱེད་པ་དང་། ངན་སྐུལ་དཀྲུག་ཤིང་བརྒྱབ་ཚེ། མཐར་ཐུག་ཁོང་མི་སྒེར་གྱི་གཟུགས་བརྙན་དང་མཚན་སྙན་ལ་གནོད་འཚེ་བཟོ་བ་དང་། འཛམ་གླིང་ཐོག་ཨ་རིའི་ཁེ་ལས་ཀྱི་ཡིད་ཆེས་ལ་གནོད་འཚེ་བཟོ་རྒྱུ་ཡིན་པའི་གནས་ལུགས་དེ་གསལ་པོ་མཁྱེན་དགོས་ངེས་རེད་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཚེ་དགའ།
ཞུ་དག ཟླ་བ་ཚེ་རིང་།
ཡིག་སྒྱུར། རིན་ཆེན་དབང་འདུས།