ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་གནང་བ།
སྤེལ་བའི་དུས་ཚོད། : 2019-06-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་གནང་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མིའི་རིགས་ཀྱི་རྒྱུད་ཁྲིད་ཐོན་ཁུངས་དོ་དམ་སྲོལ་ཡིག་ཅེས་པ་ཡོངས་གྲགས་བྱས་ཡོད།

སྲོལ་ཡིག་གིས་སྤྱི་ལོ་༡༩༩༨ལོར་བཟོས་པའི་མིའི་རིགས་ཀྱི་རྒྱུད་ཁྲིད་ཐོན་ཁུངས་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས་ཞེས་པ་ལག་ལེན་བསྟར་བ་རྨང་གཞིར་བཟུང་ཏེ་ཕྱོགས་མང་པོའི་ཐད་ནས་རང་རྒྱལ་གྱི་མིའི་རིགས་ཀྱི་རྒྱུད་ཁྲིད་ཐོན་ཁུངས་དོ་དམ་ཐད་གཏན་འབེབས་བྱས་ཡོད་པ་རེད། དེ་ཡང་། གཅིག་ནས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ནས་མིའི་རིགས་ཀྱི་རྒྱུད་ཁྲིད་ཐོན་ཁུངས་བརྟག་དཔྱད་བྱས་ཏེ་རྒྱུད་ཁྲིད་ཁྱིམ་རྒྱུད་དང་ཆེད་དམིགས་ས་ཁུལ་གྱི་མིའི་རིགས་ཀྱི་རྒྱུད་ཁྲིད་ཐོན་ཁུངས་ལ་རེ་ཞུ་ཐོ་འགོད་ལམ་ལུགས་ལག་ལེན་བསྟར་དགོས། གཉིས་ནས་བེད་སྤྱོད་ལུགས་མཐུན་བྱ་རྒྱུར་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་ཚན་པས་གཅིག་གྱུར་འཆར་འགོད་དང་བཀོད་སྒྲིག་ལུགས་མཐུན་བྱས་ཏེ་གསར་གཏོད་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་དང་སྐྱེས་དངོས་ཚན་རྩལ་དང་ཐོན་ལས་གསར་གཏོད། མཐུན་སྦྱོར་གོང་འཕེལ་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། གསུམ་ནས། ཚད་ལྡན་བཟོ་རྒྱུར་ཤུགས་སྣོན་རྒྱག་དགོས། བསྡུ་རུབ་དང་བསྡུ་ཉར། བེད་སྤྱོད་བཅས་བྱས་ནས་རང་རྒྱལ་གྱི་མིའི་རིགས་ཀྱི་རྒྱུད་ཁྲིད་ཕྱི་ཕྱོགས་སུ་མཁོ་འདོན་བྱེད་དགོས་པ་དང་། རང་རྒྱལ་གྱི་སྤྱི་དམངས་ཀྱི་བདེ་ཐང་དང་། རྒྱལ་ཁབ་ཀྱི་བདེ་འཇགས། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་བཅས་ལ་གནོད་འཚེ་བཟོ་མི་ཆོག བཞི་ནས། ཞབས་ཞུ་དང་ལྟ་སྡོམ་བྱ་རྒྱུ་ལེགས་སྒྲིག་བྱེད་དགོས་པ་དང་། འབྲེལ་ཡོད་ཁྲིམས་ལུགས་འགན་འཁྲི་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཅས་ཀྱི་གཏན་འབེབས་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།