“རྒྱུད་གཅིག་ལམ་གཅིག”བསྐྲུན་མཁན་མི་རབས་རྗེས་མ་གསོ་སྐྱོང་བྱེད་པ།
སྤེལ་བའི་དུས་ཚོད། : 2019-06-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

— ཕ་ཁི་སི་ཐན་གྱི་དགེ་རྒན་ཆེ་མོ་བ་ཨ་དབན་གྱི་བསམ་འདུན།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས། ལོ་ན་57ལ་སླེབས་པའི་ཙེ་སྨིར་·ཨའེ་ཧ་མའེ་ཏེ་·ཨ་དབན་ནི་ཕ་ཁི་སི་ཐན་རྒྱལ་བཙུགས་ཚན་རྩལ་སློབ་ཆེན་གྱི་རྒྱ་རིག་པའི་དགེ་རྒན་ཆེ་མོ་བ་ཞིག་ཡིན་ཞིང་། ཉེ་དུས་ཁོང་གིས་སློབ་གྲྭར་ཀྲུང་གོ་རིག་པའི་རབ་འབྱམས་པའི་ཆེད་ལས་ཤིག་བཙུགས་ནས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་ཆེད་མངགས་ཞིབ་འཇུག་བྱ་རྒྱུ་ཡིན་པ་རེད།

ཕ་ཁི་སི་ཐན་རྒྱལ་བཙུགས་ཚན་རྩལ་སློབ་ཆེན་1981ལོར་བཙུགས་པ་དང་དེ་ནི་ཕ་ཁི་སི་ཐན་གྱི་ལས་གྲྭའི་ལག་རྩལ་རིགས་ཀྱི་མིང་རིམ་ཨང་དང་པོའི་གྲས་ཀྱི་མཐོ་སློབ་ཅིག་རེད། སློབ་གྲྭར་ཁྱོན་སློབ་གླིང་18ཡོད་པར་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་1.6ཡོད། དེ་ག་ནས་སློབ་གྲྭ་ཐོན་པའི་སློབ་མ་ཚོས་ཕ་ཁི་སི་ཐན་གྱི་རྨང་གཞིའི་འཛུགས་སྐྲུན་དང་། བཟོ་ལས། མཁའ་འགྲུལ་བཅས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ལ་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད།

“ང་ཚོས‘རྒྱུད་གཅིག་ལམ་གཅིག’ལ་ཞིབ་འཇུག་བྱེད་པའི་ཆེད་ལས་བཙུགས་པའི་དམིགས་ཡུལ་གཙོ་བོ་ནི་ཕ་ཁི་སི་ཐན་གྱི་གཞོན་སྐྱེས་ཚོ‘རྒྱུད་གཅིག་ལམ་གཅིག’གི་མཉམ་བསྐྲུན་ནང་ཞུགས་ཏེ་ཕ་ཁི་སི་ཐན་དང་ཀྲུང་གོའི་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་དང་དེ་བཞིན་ཀྲུང་གོ་དང‘གྲོགས་པོ་བློས་ཐུབ’ཡིན་པའི་འབྲེལ་བ་ང་ཚོའི་མི་རབས་རྗེས་མར་རྒྱུད་སྤྲོད་བྱ་ཆེད་ཡིན”ཞེས་ཨ་དབན་གྱིས་བརྗོད།

ཨ་དབན་གྱིས་མི་རབས་རྗེས་མས་ཀྲུང་གོ་དང་མཉམ་ལས་མཐའ་འཁྱོངས་བྱ་རྒྱུའི་བསམ་ཚུལ་ནི་ཁོང་གི་མི་ཚེའི་ཉམས་མྱོང་ལས་བྱུང་བ་ཞིག་རེད། ལོ་40ཡི་གོང་ལོ་ན་18ལ་སོན་པའི་ཨ་དབན་གདམ་གསེས་རྒྱུགས་སྤྲོད་བརྒྱུད་ཀྲུང་གོར་སློབ་སྦྱོང་དུ་བསྐྱོད་ཡོད། “1980ལོ་ནས་1987ལོ་བར་ང་ཀྲུང་གོར་སློབ་སྦྱོང་བྱས་པ་ཡིན། སྐབས་དེ་དུས་དངོས་པོའི་འཚོ་བ་ཞན་ཙམ་ཡིན་ཡང་ཀྲུང་གོའི་དགེ་རྒན་ཚོས་རང་ཉིད་སོ་སོའི་ཕྲུ་གུ་ལྟ་བུར་བརྩི་ཡི་ཡོད”ཅེས་ཨ་དབན་གྱིས་དྲན་གསོ་བྱས་ནས་བརྗོད། 2013ལོར་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་རྣམ་གྲངས་སྐོར་དངོས་སུ་གླེང་སྐབས་ཨ་དབན་གྱིས་ཀྲུང་གོར་བཅའ་སྡོད་ཕ་ཁི་སི་ཐན་གྱི་གཞུང་ཚབ་ཆེ་མོ་ཁང་གི་ཚན་ཙན་གྱི་འགན་དང་ཀྲུང་གོ་དང་ཕ་ཁི་སི་ཐན་དབར་གྱི་ཚན་རྩལ་སྤེལ་རེས་དང་མཐོ་རིམ་སློབ་གསོའི་མཉམ་ལས་ཀྱི་འགན་འཁུར་བཞིན་ཡོད། ཀྲུང་གོར་ལས་ཀ་བྱས་ནས་ལོ་ཤས་སྡོད་རིང་ཨ་དབན་གྱིས་ཕ་ཁི་སི་ཐན་གྱི་ཕྱི་སྦྱོང་སློབ་མ་100ལྷག་ཙམ་ཀྲུང་གོར་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་བརྩོན་ལེན་བྱས་ཡོད། 2016ལོར་ལས་གནས་ནས་བྲལ་རྗེས་ཁ་ཕི་སི་ཐན་དུ་ཕྱིར་ལོག་བྱས་ཏེ་རྒྱལ་བཙུགས་ཚན་རྩལ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བའི་འགན་འཁུར་ཡོད།

ཕ་ཁི་སི་ཐན་དང་ཀྲུང་གོའི་དབར་གྱི་རིག་གནས་སྤེལ་རེས་ལ་སྐུལ་མ་གཏོང་ཆེད་ཨ་དབན་གྱིས་སློབ་ཁྲིད་བྱེད་རིང་རྟག་ཏུ་སློབ་མ་ཚོ་ཀྲུང་གོར་ལྟ་སྐོར་དང་། ཞིབ་འཇུག སློབ་སྦྱོང་ལ་གཏོང་གི་ཡོད། ཉེ་བའི་ལོ་གཉིས་རིང་ཁོང་གིས་ཟླ་བ་ཚང་མར་རླུང་འཕྲིན་ལས་ཁུངས་སུ་འོས་འགན་དཔྱད་གཏམ་པ་བྱེད་པར་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཕ་ཁི་སི་ཐན་དང་ཀྲུང་གོའི་དབར་གྱི་འབྲེལ་བ་དང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་པའི་ཐད་ཀྱི་བསམ་ཚུལ་གླེང་གི་ཡོད། ཨ་དབན་གྱི་བསམ་འདུན་ཆེ་ཤོས་ནི་སློབ་མ་ཚོ“རྒྱུད་གཅིག་ལམ་གཅིག”གི་རྣམ་གྲངས་ཁྲོད་དངོས་སུ་ཞུགས་རྒྱུ་དེ་རེད། རྒྱལ་ས་དབྱི་སི་ལམ་པོ་དང་བར་ཐག་སྤྱི་ལེ་500ཙམ་ཡོད་པའི་སཱ་ཤི་ཝར་རྡོ་སོལ་གློག་ཁང་ནི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱི་གློག་གཏོང་རྣམ་གྲངས་ཨང་དང་པོ་དེ་ཡིན་པ་དང་2015ལོར་བསྐྲུན་པ་དང་ལས་འགོ་བཙུགས་ནས་གློག་གཏོང་བའི་བར་ཁྱོན་ཟླ་22ལས་འགོར་མེད། གློག་ཁང་གིས་ལོ་ལྟར་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་90བཏང་ནས་ཕ་ཁི་སི་ཐན་གྱི་བཞི་ཆ་གཅིག་གི་གློག་གཏོང་ཁ་ཤོ་བསྐང་ཡོད། ཨ་དབན་གྱིས་རྣམ་གྲངས་དེའི་ཐད་ནས་སློབ་མའི་འབྱུང་འགྱུར་གྱི་དངོས་སྦྱོང་དང་ལས་ཀའི་གོ་སྐབས་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད།

དངོས་སྦྱོང་རྟེན་གཞི་བསྐྲུན་ཟིན་པ་དང་སློབ་བསྡུའི་གོང་གི་གྲ་སྒྲིག་ལས་དོན་སྤྱིར་ན་ལེགས་གྲུབ་ཟིན་ཡོད། འདི་ལོའི་ཟླ་བ་དགུ་པར་ཨ་དབན་གྱིས་རབ་འབྱམས་པའི་ཞིབ་འཇུག་སློབ་མ་བསྡུ་འགོ་འཛུགས་རྒྱུ་མ་ཟད་གཞོན་སྐྱེས་སྔར་བས་མང་བ་ཞིག“རྒྱུད་གཅིག་ལམ་གཅིག”གི་ཞིབ་འཇུག་ནང་ཞུགས་རྒྱུ་རེད།

ཨ་དབན་གྱི་སློབ་ཁྲིད་རྩ་གནད་ནང་ཁོང་གིས“རྒྱུད་གཅིག་ལམ་གཅིག”ཐད། “ང་ཚོའི་སེམས་ནུས་གཅིག་སྡུད་བྱས་ནས་རྒྱལ་དམངས་དཔལ་འབྱོར་གོང་འཕེལ་བཏང་སྟེ་ང་ཚོས་ཀྲུང་གོར་སློབ་སྦྱོང་བྱེད་དགོས། ‘རྒྱུད་གཅིག་ལམ་གཅིག’འདི་ཉིད་ང་ཚོའི་ངོས་ནས་བརྗོད་ན་ཕུགས་འདུན་དང་འཚམ་པའི་འཕེལ་རྒྱས་གཏོང་སྟངས་ཤིག་རེད”ཅེས་འཁོད་ཡོད་པ་རེད།