དབྱིན་ཇིའི་དབུ་བཞུགས་བློན་ཆེན་སྐབས་བརྗེ་རྒྱུ་དེར་མཇུག་འབྲས་ཐོན་གྲབས་ཡོད་དམ།
སྤེལ་བའི་དུས་ཚོད། : 2019-06-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཐེ་ལའེ་ཧྲ་མའེ་ཡིས་སྤྱི་ལོ་༢༠༡༦ལོའི་ཟླ་བ་༧པའི་ནང་སྲིད་སྟེགས་སུ་འཛེགས་པ་ནས་བཟུང་། དབྱིན་ཇི་ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་རྒྱུ་དེ་ཁོང་གི་ཕྲག་ཐོག་ཏུ་འབད་པའི་འགན་འཁྲི་ལྗིད་པོ་ཞིག་རེད། ཉེ་བའི་ལོ་གསུམ་ནང་རྒྱུན་འཁྱོངས་དང་འབད་བརྩོན་ལྷོད་མེད་བྱས་པའི་མཇུག་འབྲས་ནི། གྲོས་ཚོགས་ཁང་གིས་ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི་གྲོས་ཆོད་དེར་ཆོད་ལོག་ཐེངས་གསུམ་བཏང་བ་དེ་རེད། ཐེ་ལའེ་ཧྲ་མའེ་ཡིས་སྐྱོ་གདུང་གི་མིག་ཆུ་གཏོང་བཞིན་དུ། གོ་གནས་འཇོན་ནུས་ཅན་ལ་སྤྲད་ཡོད།

སྲུང་འཛིན་ཏང་གི་འགོ་ཁྲིད་པའི་འདེམས་བསྐོའི་གོ་རིམ་སྤྱི་ཚེས་༡༠ཉིན་འགོ་ཚུགས་ཡོད། སྔོན་དཔག་བྱས་ན་རྒྱལ་ཁ་ཐོབ་མཁན་སྤྱི་ཟླ་༧པའི་ཟླ་མཇུག་ཏུ་ཐོན་ནས། ཐེ་ཧའེ་ཧྲ་མའེ་ཡི་ཚབ་བྱས་ཏེ་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱི་འགན་འཁུར་རྒྱུ་ཡིན་པ་རེད།

མིག་སྔའི་ཆར། མི་༡༡ཀྱིས་འདེམས་བསྐོའི་ནང་ཞུགས་རྒྱུ་གཏན་འཁེལ་བྱས་ཤིང་། དེའི་ནང་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཟུར་པ་ཡོ་ཧན་ཤུན་རེ་བ་ཆེ་ཤོས་ཡིན་པ་རེད། ན་ནིང་སྤྱི་ཟླ་༧པའི་ནང་། ཁོང་ཐེ་ལའེ་ཧྲ་མའེ་ཡི་ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི་སྲིད་ཇུས་ནང་གཉོད་ཆུང་ནུས་མེད་ཐོག་ནས་ཡོ་རོབ་མནའ་འབྲེལ་དང་འབྲེལ་ཐག་གསལ་པོ་མ་བཅད་པའི་དོགས་པའི་རྐྱེན་པས་ཕྱི་འབྲེལ་བློན་ཆེན་གྱི་གོ་གནས་ནས་དགོངས་ཞུ་བྱ་དགོས་བྱུང་ཡོད།

འདི་ཟླའི་སྤྱི་ཚེས་༣ཉིན། ཡོ་ཧན་ཤུན་གྱིས་ཙུང་ཐུང་འདེམས་བསྐོའི་འགྲན་འདེམས་ཀྱི་བསྒྲགས་གཏམ་སྤེལ་སྐབས། གལ་ཏེ་ཁོང་དབུ་བཞུགས་བློན་ཆེན་ལ་བདམས་ཐོན་བྱུང་ཚེ། སྤྱི་ཟླ་༡༠པའི་ཚེས་༣༡ཉིན་གྱི་ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི་མཐའ་མའི་དུས་མཚམས་སུ་སླེབས་སྐབས། ཡོ་རོབ་མནའ་འབྲེལ་དང་གྲོས་ཆོད་འཇོག་ཐུབ་མིན་ལ་མ་བལྟོས་པར། དབྱིན་ཇི་ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་རྒྱུ་ཡིན་ཞེས་བཤད་ཡོད།

དེའི་གོང་དུ། དབྱིན་ཇིའི་སྲིད་གཞུང་གིས་གྲོས་ཆོད་མེད་པར་ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི་གནས་ཚུལ་མི་ཐོན་པ་བྱེད་ཀྱི་ཡོད། དབྱིན་ཇིའི་དཔལ་འབྱོར་ལས་རིགས་ཀྱིས། དབྱིན་ཇི་ཡོ་རོབ་མནའ་འབྲེལ་དང་གྲོས་ཆོད་མེད་པའི་གནས་ཚུལ་འོག་ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་ཚེ། དབྱིན་ཇི་དང་ཡོ་རོབ་མནའ་འབྲེལ་གྱི་ཉོ་ཚོང་འབྲེལ་བ་དེ་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་སྒྲོམ་གཞིའི་ནང་ཕྱིར་ལོག་བྱ་རྒྱུ་ཡིན་པས། དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་པར་ཞིབ་བཤེར་བྱེད་དགོས་པ་དང་། དཔྱ་ཁྲལ་བསྡུ་བ་སོགས་ཀྱི་གོ་རིམ་བརྒྱུད་དགོས་པས། དེས་དབྱིན་ཇིའི་དཔལ་འབྱོར་ལ་གྱོང་གུན་ཚབས་ཆེན་བཟོ་རྒྱུ་རེད་ཅེས་མཐའ་ཚིག་བཏང་ཡོད་པ་རེད།

མིག་སྔའི་ཆར། ཡོ་ཧན་ཤུན་གྱི་སྲུང་འཛིན་ཏང་གི་འགོ་ཁྲིད་པའི་འགྲན་རྩོད་ཁྲོད་ཀྱི་བཟང་ཆ་རྒྱུན་ཆད་མེད་པར་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། སྲུང་འཛིན་ཏང་གྲོས་ཚོགས་ཁང་གི་གྲོས་ཚོགས་སྨད་པའི་གྲོས་མི་༤༠ཡིས་ཡོངས་བསྒྲགས་ཐོག་རྒྱབ་སྐྱོར་བྱས་ཡོད། གྲོས་མི་ཁ་ཤས་ཀྱིས་ཁོང་ནི་ཚོད་བགམ་ཐེག་ཐུབ་པའི་རྒྱལ་ཁ་ཐོབ་མཁན་རེད་ཅེས་བརྗོད་པ་མ་ཟད། ཁོང་ལ་སྲུང་འཛིན་ཏང་ལ་སྐུལ་ལྕག་དང་བསྐྱར་དར་བྱེད་པའི་ནུས་པ་ཡོད་ཅེས་བརྗོད་ཡོད།

དབྱེ་ཞིབ་མི་སྣས། འོས་འདེམས་པ་གཞན་དང་བསྡུར་ན། ཡོ་ཧན་ཤུན་ལ་སྲུང་འཛིན་ཏང་ནང་ཁུལ་དུ་སྙན་གྲགས་ཆེན་པོ་ལྡན་པ་དང་། ཁོང་ལ་ཏང་ནང་ཁུལ་གི་གྲོས་ཚོགས་སྨད་པའི་གྲོས་མིའི་རྒྱབ་སྐྱོར་ཐོབ་ཚེ་མཇུག་མཐའི་ཏང་ཡོན་གྱིས་འདེམས་ཤོག་འཕེན་པའི་དུས་མཚམས་སུ་སླེབས་རྒྱུ་ཡིན་པ་རེད། དེར་བརྟེན་ཁོང་འདེམས་ཤོག་མང་པོའི་ཐོག་ནས་སྲུང་འཛིན་ཏང་གི་འགོ་ཁྲིད་མི་སྣར་འགྱུར་རྒྱུ་མ་ཟད་དབུ་བཞུགས་བློན་ཆེན་གྱི་འགན་འཁུར་རྒྱུའི་རེ་བ་ཆེན་པོ་ཡོད་པ་རེད།

ཡོ་ཧན་ཤུན་ཕུད། མིག་སྔའི་ཆར་སྲུང་འཛིན་ཏང་གི་འགོ་ཁྲིད་མི་སྣའི་གོ་གནས་ལ་འགྲན་རྩོད་བྱེད་མཁན་འོས་འདེམས་མི་སྣ་མང་པོའི་ཁྲོད་དུ། ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི་ཤོག་ཁག་གི་བཟང་ཆ་མངོན་གསལ་དོད་པོ་ཡིན་པ་དང་། ཡོ་རོབ་མནའ་འབྲེལ་ལས་ཁ་བྲལ་བའི་བྱ་དོན་གྱི་བློན་ཆེན་ཟུར་པ་ལ་པུའུ་ཡིས། གྲོས་ཆོད་ཡོད་མེད་ལ་མ་བལྟོས་པར། དབྱིན་ཇིས་ངེས་པར་དུ་ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི་ཆོད་སེམས་ལ་གཡོ་འགུལ་སྤུ་ཙམ་མི་གཏོང་བའི་རྣམ་འགྱུར་མངོན་དགོས་ཞེས་བརྗོད་པ་དང་། དབྱིན་ཇིའི་གྲོས་ཚོགས་ཁང་གི་གྲོས་ཚོགས་སྨད་པའི་གཙོ་འཛིན་ཟུར་པ་ལི་དེ་ཟོ་མུའུ་ཡིས། དགོས་མཁོ་ཡོད་པའི་སྐབས་སུ་གྲོས་ཆོད་མེད་པར་ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།

དབྱེ་ཞིབ་བྱས་པར་གཞིགས་ན། ཡོ་ཧན་ཤུན་གྱིས་ཚབ་མཚོན་དུ་བྱས་པའི་ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི་ཤོག་ཁག་གི་འོས་འདེམས་མི་སྣ་སྲིད་སྟེགས་སུ་འཛེགས་ཚེ། ཕངས་སེམས་གང་ཡང་མེད་པའི་ཐོག་ནས་དབྱིན་ཇི་ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བར་སྐུལ་འདེད་གཏོང་སྲིད་ཅེས་བསྟན་ཡོད། ཡིན་ནའང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རུང་ཁེས། ཡོ་རོབ་མནའ་འབྲེལ་གྱིས་དེ་སྔ་དབྱིན་ཇི་དང་གྲོས་འཆམ་བྱུང་ཟིན་པའི་ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི་གྲོས་ཆོད་ལ་བསྐྱར་དུ་དབྱེ་འབྱེད་གྲོས་མོལ་བྱ་རྒྱུ་མིན་ཞེས་བཤད་ཡོད། ཕྱོགས་གཉིས་ཀས་རྣམ་འགྱུར་དྲག་པོ་བཟུང་བའི་རྐྱེན་གྱིས་གྲོས་ཆོད་གསར་པ་འཇོག་དཀའ་བའི་གནས་སུ་གྱར་ཡོད་པ་དང་། དབྱིན་ཇི་ཡོ་རོབ་མནའ་འབྲེལ་ནས་གྲོས་ཆོད་མེད་པར་དོན་པའི་གནས་ཚུལ་ཐོན་བཟོ་ཆེ་རུ་འགྲོ་བཞིན་ཡོད་པ་རེད།

མ་གཞི་དེ་ལྟར་ཡིན་མོད། ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི་ཤོག་ཁག་གིས་གྲོས་ཆོད་མེད་པར་ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་རྒྱུ་དེ་ནི་ལས་སླ་བའི་དོན་དག་ཞིག་གཏན་ནས་མིན་པར། འགོག་རྐྱེན་སྣ་ཚོགས་འཕྲད་རྒྱུ་ཡིན་པ་རེད།

དང་ཐོག་སྲུང་འཛིན་ཏང་ནང་ཁུལ་གྱི་ངོ་རྒོལ་ཕོག་རྒྱུ་ཡིན་ཞིང་། སྲུང་འཛིན་ཏང་ནང་ཁུལ་གྱི་མཐོ་རིམ་ཏང་ཡོན་མང་པོ་ཞིག་གིས། གྲོས་ཆོད་མེད་པར་ཡོ་རོབ་མནའ་འབྲེལ་ནས་དོན་རྒྱུར་ངོ་རྒོལ་བྱེད་ཀྱི་ཡོད། ནོར་སྲིད་བློན་ཆེན་ཧ་དེ་མོང་དེས། གྲོས་ཆོད་མེད་པར་ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི་སྲིད་ཇུས་ལག་བསྟར་བྱེད་མཁན་གྱི་དབུ་བཞུགས་བློན་ཆེན་ལ་གྲོས་ཚོགས་སྨད་པའི་ཡིད་ཆེས་ཐོབ་དཀའ་བ་ཞིག་རེད་ཅེས་མཐའ་ཚིག་བཏང་ཡོད།

གཉིས་ནས་དབྱིན་ཇིའི་དཔལ་འབྱོར་ལས་རིགས་ཀྱིས་ངོ་རྒོལ་བྱ་རྒྱུ་ཡིན་པ། དབྱིན་ཇིའི་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡོངས་བསྒྲགས་ཐོག་སྤེལ་བའི་འཕྲིན་ཡིག་ཞིག་ནང་། སྐབས་རྗེས་མའི་དབུ་བཞུགས་བློན་ཆེན་གྱིས་ངེས་པར་དུ་ཡོ་རོབ་ནས་ཁ་བྲལ་བའི་གྲོས་ཆོད་ཞིག་འཇོག་ཐུབ་པ་བྱས་ཏེ། དབྱིན་ཇི་ཡོ་རོབ་མནའ་འབྲེལ་ནས་དོན་པ་དེས་ཁེ་ལས་ལ་གྱོང་གུན་ཚབས་ཆེན་མི་ཕོག་པ་བྱེད་དགོས་ཞེས་བསྟན་ཡོད་པ་དང་། ཚན་པ་དེས། ཁེ་ལས་མང་ཆེ་བས་གྲོས་ཆོད་མེད་པར་ཡོ་རོབ་མནའ་འབྲེལ་ནས་བྲལ་བའི་ཐད་གྲ་སྒྲིག་ཡག་པོ་བྱ་ཐབས་བྲལ་བ་དང་། ལྷག་པར་དུ་རིན་གོང་མཐོ་བ་དང་། སྐབས་བསྟུན་ཇུས་གཞི་རྙོག་འཛིང་ཆེ་བ་དེ་ཁེ་ལས་འབྲིང་གྲས་དང་ཆུང་གྲས་ཀྱིས་འགན་ལེན་བྱ་ཐབས་བྲལ་བ་ཞིག་རེད་ཅེས་བསྟན་ཡོད།

གསུམ་ནས་གྲོས་ཚོགས་ཁང་གི་ངོ་རྒོལ་ཕོག་རྒྱུ་ཡིན་པ། དབྱིན་ཇིའི་གྲོས་ཚོགས་ཁང་ནས་འཕེན་ཤོག་འཕེན་ནས་ཡོ་རོབ་མནའ་འབྲེལ་ནས་དོན་པའི་གྲོས་ཆོད་ཞིག་ལ་གྲོས་འཆམ་བྱུང་མེད་པའི་གནས་ཚུལ་འོག་ཡོ་རོབ་མནའ་འབྲེལ་ནས་དོན་རྒྱུར་ངོ་རྒོལ་བྱེད་པའི་ཐད་བསམ་འཆར་གཅིག་གྱུར་བྱུང་ཡོད། སྔོན་དཔག་ཐུབ་པར། སུ་དབུ་ཞུགས་བློན་ཆེན་ལ་འགྱུར་རུང་། གྲོས་ཚོགས་ཁང་ནི་དབྱིན་ཇི་དེ་ཉིད་ཡོ་རོབ་མནའ་འབྲེལ་ནས་དོན་པའི་སྲིད་ཇུས་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་ལྷོད་གཡེང་བྱེད་ཐབས་བྲལ་བའི་ཚོད་འཛིན་བཟོ་མཁན་རྒྱུ་རྐྱེན་ཞིག་ཡིན་པ་རེད། གྲོས་ཚོགས་སྨད་པའི་གྲོས་མིས་གྲོས་ཆོད་མེད་པར་ཡོ་རོབ་མནའ་འབྲེལ་ནས་དོན་པའི་འདམས་ཁ་བྱེད་མཁན་གྱི་དབུ་ཞུགས་བློན་ཆེན་ལ་ཡིད་ཆེས་མེད་པའི་འཕེན་ཤོག་འཕེན་རྒྱུ་ཡིན་པ་དང་། དེས་རྐྱེན་པས་དུས་བཀག་གི་གོང་དུ་འདེམས་བསྐོ་ཆེན་པོ་མི་བྱེད་ཀ་མེད་དུ་འགྱུར་བཟོ་ཡོད་པ་རེད།

ཡོ་རོབ་མནའ་འབྲེལ་ནས་དོན་རྒྱུ་ཡུན་རིང་ཐག་གཅོད་མི་ཐུབ་པས། དབྱིན་ཇིའི་དཔལ་འབྱོར་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད། ལས་ཁུངས་མི་ཉུང་བ་ཞིག་གིས། རྒྱུན་མཐུད་གཏན་འཁེལ་མེད་པའི་རང་བཞིན་གྱི་མདུན་དུ། མ་འཇོག་བྱེད་མཁན་གྱིས་མ་འཇོག་བྱ་ཡུལ་རྒྱལ་ཁབ་གཞན་ལ་སྒྱུར་བཞིན་ཡོད་པའི་མཐའ་ཚིག་བཏང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།