ཕྱི་འབྲེལ་པུས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅིར་ཅི་སི་སེ་ཐན་དང་ཐ་ཅི་ཁེ་སེ་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུའི་ཐད་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་ཟུར་གསལ་ཚོགས་འདུ་འཚོགས་པ།
སྤེལ་བའི་དུས་ཚོད། : 2019-06-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཕྱི་འབྲེལ་པུས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅིར་ཅི་སི་སེ་ཐན་དང་ཐ་ཅི་ཁེ་སེ་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་མ་ཟད་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་19པ་དང་ཨེ་ཤ་ཡའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱ་ཐབས་གྲོས་ཚོགས་ཀྱི་དབུ་ཚོགས་ཐེངས་ལྔ་པར་ཞུགས་རྒྱུའི་ཐད་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་ཟུར་གསལ་ཚོགས་འདུ་འཚོགས་པ།

སྤྱི་ཚེས་10ཉིན། ཕྱི་འབྲེལ་པུས་རྒྱལ་ཁབ་ཕྱི་ནང་གི་སྨྱར་སྦྱོར་ཟུར་གསལ་ཚོགས་འདུ་འཚོགས་ཡོད། ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཀྲང་ཧན་ཧུའེ་ཡིས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅིར་ཅི་སི་སེ་ཐན་དང་ཐ་ཅི་ཁེ་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་མ་ཟད་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་དགུ་པ་དང་ཨེ་ཤ་ཡའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱ་ཐབས་གྲོས་ཚོགས་ཀྱི་དབུ་ཚོགས་ཐེངས་ལྔ་པར་ཞུགས་རྒྱུའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་མ་ཟད་གསར་འགོད་པས་བཏོན་པའི་དྲི་བར་ལན་བསྐྱོན་ཡོད།

ཀྲང་ཧན་ཧུའེ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་ནས་སྤྱི་ཟླ་༦ཚེས་༡༢ཉིན་ནས་༡༦ཉིན་བར་ཅིར་ཅི་སི་སེ་ཐན་དང་ཐ་ཅི་ཁེ་སེ་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་མ་ཟད་པེ་ཧྲི་ཁེ་ཁེར་སྐོང་འཚོག་བྱ་རྒྱུའི་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་19པ་དང་ཏུའུ་ཧྲང་པེར་སྐོང་འཚོགས་བྱ་རྒྱུའི་ཨེ་ཤ་ཡའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱ་ཐབས་གྲོས་ཚོགས་ཀྱི་དབུ་ཚོགས་ཐེངས་ལྔ་པར་ཞུགས་གནང་རྒྱུ་རེད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་བ་མང་བའི་མདུན་དུ། ཀྲུང་གོས་ཅིར་ཅི་སི་སེ་ཐན་དང་ཐ་ཅི་ཁེ་སི་ཐན་ཚུད་པའི་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་བར་གྱི་འབྲེལ་བ་རྒྱུན་མཐུད་བརྟན་ལྷིང་སྐྱོན་བྲལ་ངང་གོང་འཕེལ་བཏང་ཡོད། ཅིར་ཅི་སི་སེ་ཐན་དང་ཐ་ཅི་ཁེ་སི་ཐན་ལ་འཚམས་འདྲི་གནང་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁག་སོ་སོར་ཙུང་ཐུང་རི་ཨན་པེ་ཁེ་ཧྥུ་དང་ཙུང་ཐུང་ལ་ཧེ་མོང་གིས་གཉེར་བའི་དགའ་བསུ་ཞུ་བའི་མཛད་སྒོ་དང་གྲོས་མོལ། མིང་རྟགས་འགོད་པའི་མཛད་སྒོ དགའ་བསུ་ཞུ་བའི་གསོལ་སྟོན་སོགས་རྒྱལ་སྟོན་བྱེད་སྒོར་ཞུགས་གནང་རྒྱུ་དང་རྒྱལ་ཁབ་གཉིས་པོའི་གཙོ་བདག་དང་མཉམ་དུ་ཀྲུང་གོ་དང་ཅིར་ཅི་སི་སེ་ཐན་དང་། ཀྲུང་གོ་དང་ཐ་ཅི་ཁེ་སི་ཐན་བར་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བའི་འབྱུང་འགྱུར་གོང་འཕེལ་ཆེད་འཆར་འགོད་དང་བཀོད་སྒྲིག་གསར་པ་གནང་རྒྱུ། ཀྲུང་གོ་དང་ཅིར་ཅི་སི་སེ་ཐན་དང་། ཀྲུང་གོ་དང་ཐ་ཅི་ཁེ་སི་ཐན་གྱི་འབྲེལ་བའི་ཆབ་སྲིད་རྨང་གཞི་སྔར་བས་བརྟན་དུ་གཏོང་རྒྱུ། ཀྲུང་གོ་དང་ཅིར་ཅི་སི་སེ་ཐན་དང་། ཀྲུང་གོ་དང་ཐ་ཅི་ཁེ་སི་ཐན་གྱིས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱེད་པའི་མཉམ་ལས་ཀྱི་འཆར་འགོད་གསར་པ་བཟོ་རྒྱུ། ཕྱོགས་གཉིས་པོས་ཆུ་ཚད་མཐོ་བའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་དེ་དངོས་དངོས་རྗེན་རྗེན་གྱི་མཉམ་ལས་གྲུབ་འབྲས་དེ་བས་མང་བར་འགྱུར་བ་བྱ་རྒྱུ། མང་ཚོགས་ཀྱི་ཕན་བདེ་ཆེ་རུ་གཏོང་བ་དང་རང་སོ་སོའི་རྒྱལ་ཁབ་ཀྱི་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ཅིར་ཅི་སི་སེ་ཐན་དང་། ཀྲུང་གོ་དང་ཐ་ཅི་ཁེ་སི་ཐན་གྱི་འབྲེལ་བ་དུས་རབས་གསར་པར་གོང་འཕེལ་དེ་བས་ཆེ་བ་ཡོང་བའི་འགན་སྲུང་བྱ་རྒྱུ་རེད་ཅེས་བསྟན་ཡོད།

ཀྲང་ཧན་ཧུའེ་ཡིས། ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅིར་ཅི་སི་སེ་ཐན་དང་ཐ་ཅི་ཁེ་སི་ཐན་རྒྱལ་ཁབ་གཉིས་ལ་འཚམས་འདྲི་གནང་རྒྱུ་མ་ཟད། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་དང་ཨེ་ཤ་ཡའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱ་ཐབས་གྲོས་ཚོགས་ཀྱི་དབུ་ཚོགས་ལ་ཞུགས་རྒྱུ་ལེགས་གྲུབ་ཡོང་ངེས་ཡིན། དུས་བབ་གསར་པའི་འོག ཀྲུང་གོ་དང་ཅིར་ཅི་སི་སེ་ཐན་དང་། ཀྲུང་གོ་དང་ཐ་ཅི་ཁེ་སི་ཐན་གྱི་འབྲེལ་བ་སྐས་རིམ་གསར་པའི་ཐོག་སླེབས་རྒྱུར་ཁྲིད་སྟོན་བྱ་རྒྱུ་དང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་དང་ཨེ་ཤ་ཡའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱ་ཐབས་གྲོས་ཚོགས་ཀྱི་དབུ་ཚོགས་དེ་འགོ་འཛུགས་ས་གསར་པའི་ཐོག་གོང་འཕེལ་གསར་པ་ཡོང་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་ཆེད་ནུས་པ་དེ་བས་ཆེ་བ་འདོན་ཐུབ་ངེས་ཡིན་ཞེས་ནན་བཤད་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། དབང་འདུས།