ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མ་འཇོག་མཉམ་ལས་ཀྱི་ངོ་འཕྲད་གྲོས་མོལ་ཉིང་པོ་རུ་གཉེར་བ།
སྤེལ་བའི་དུས་ཚོད། : 2019-06-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ༼སྒོ་འབྱེད་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ལག་གདང་སྦྲེལ་ནས་གཉིས་ཕན་མཉམ་རྒྱལ་ཡོང་ཐབས་བྱེད་༽ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་དངོས་མང་འགྲེམས་ཚོགས་སྐབས་དང་པོ་ཉིང་པོ་རུ་ཚོགས་བཞིན་ཡོད། ཚོགས་ཞུགས་རྒྱལ་ཁབ་ཁག་གི་སྲིད་དོན་མི་སྣ་གལ་ཆེན་དང་། ཚོང་འགྲུལ་པས་གོ་སྐབས་དེ་དང་བསྟུན་ནས་ཀྲུང་གོ་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད།

ཆུང་བ་ཆང་དམར་དམ་བུ་གང་ནས། ཆེ་བ་འཛམ་གླིང་ཐོག་ལག་རྩལ་ཆེས་སྔོན་ཐོན་ཡིན་པའི་གནམ་གྲུ་སོགས་དངོས་མང་འགྲེམས་ཚོགས་ཐོག་ཡོ་རོབ་དབུས་ཤར་གྱི་ཚོང་ཟོག་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་དང་། རྒྱལ་ཁབ་རིམ་པའི་འགྲེམས་ཚོགས་སུ་རིམ་སྤོར་བྱས་རྗེས། ཞུགས་མཁན་རྒྱལ་ཁབ་ཀྱང་༡༦+༡ནས་༡༧+༡ལ་གྱུར་བ་དང་། ཁོངས་མི་གསར་པ་དེ་ནི་ཀེ་རི་སེ་ཡིན་པ་རེད། ཀེ་རི་སེ་བ་ཁང་སི་ཐན་ཏིང་གིས་རྒུན་འབྲུམ་ཨ་རག་དང་སྐྱུ་རུའི་ཚི་སྣུམ་འཁྱེར་ཡོང་ཡོད། ཁོང་གིས་ཁོང་ཚོའི་ཐོན་རྫས་དེ་ཀྲུང་གོའི་འཛད་སྤྱོད་རིམ་སྤོར་ལས་བྱུང་བའི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་དང་མཐུན་ཡོད་པའི་ངོས་འཛིན་བྱས་ཡོད། ཀྲུང་གོའི་ཁྲོམ་ར་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། ཁྲོམ་ར་དེ་ཙམ་གྱིས་གནད་སྨིན་འཐུས་ཚང་དུ་འགྲོ་བཞིན་ཡོད་པས་འཛད་སྤྱོད་པས་དངོས་པོ་གསར་པ་འཚོལ་སྙེག་བྱ་རྒྱུར་དེ་ཙམ་གྱིས་དགའ་པོ་བྱེད་ཀྱི་ཡོད། ཀེ་རི་སེས་དོན་དེའི་ཐད་བསམ་ཚུལ་གསར་པ་ཞིག་བཏོན་ཡོད་ཅེས་བརྗོད་ཡོད།

ཡོ་རོབ་དབུས་ཤར་གྱི་རྒྱལ་ཁབ་༡༧ཡོད་པའི་ཁར། འགྲེམས་ཚོགས་ནང་ཞུགས་མཁན་གྲས་སུ་ད་དུང་འཇར་མན་དང་། ཧྥ་རན་སེ། ཨོ་སི་ཁྲུ་རི་ཡ། ཨུ་རུ་སུ། མོར་ཏོ་ཝ་སོགས་རྒྱལ་ཁབ་ཡོད་པ་དང་། འགྲེམས་ཞུགས་ཁེ་ལས་ན་ནིང་གི་༢༥༧ནས་༥༢༥བར་མང་དུ་ཕྱིན་ཡོད། ཚོགས་འདུའི་རིང་སྦྲེལ་མཐུད་ཚོགས་འདུ་ཐེངས་༡༡བཀོད་སྒྲིག་བྱས་ནས། རྒྱལ་ནང་གི་ཉོ་སྒྲུབ་ཚོང་པའི་ཚོགས་པ་༢༦དང་། ཉོ་སྒྲུབ་ཚོང་པ་༣༠༠༠ལྷག་ཙམ་གྱིས་ཉིན་བཞི་བསྟུད་མར་འབྲེལ་མཐུད་ཀྱི་ངོ་འཕྲད་གྲོས་མོལ་བྱ་རྒྱུ་ཡིན་པ་རེད།

ཚོགས་ཞུགས་རྒྱལ་ཁབ་ཁག་གི་སྲིད་ཕྱོགས་མི་སྣ་གལ་ཆེན་དང་ཚོང་འགྲུལ་པས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱེད་པའི་རང་མོས་ཉོ་ཚོང་དང་དེ་བཞིན་ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་རྒྱབ་སྐྱོར་བྱས་པར་བསྔགས་བརྗོད་ཆེན་པོ་བྱས་ཡོད། ཧེ་ཧྲན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚན་འཛིན་ཙུང་ཐུང་ཝུའུ་ཡ་ནུའོ་ཝུའེ་ཆིས། ཧེ་ཧྲན་གྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྱབ་ཁོངས་ནང་ཀྲུང་གོ་དང་མཉམ་ལས་གཏིང་ཟབ་བྱེད་བཞིན་ཡོད། ང་ཚོས་ཐོག་མར་ཨེ་ཤ་ཡའི་རྒྱ་མཚོའི་འགྲམ་རྒྱུད་དང་སེ་ཨར་ཝེ་ཡ་འབྲེལ་མཐུད་བྱེད་པ་དང་། དེ་བཞིན་ཡོ་རོབ་དབུས་མ་དང་ཡོ་རོབ་ནུབ་མ་འབྲེལ་མཐུད་བྱེད་པའི་མྱུར་བགྲོད་གཞུང་ལམ་བཏིང་ཡོད། དེ་ནི་ཧེ་ཧྲན་ལོ་རྒྱུས་ཐོག་གི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཆེ་ཤོས་དེ་ཡིན་པ་དང་། ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སི་དང་ཀྲུང་གོ་ལམ་ཟམ་ཀུང་སིས་བསྐྲུན་མཁན་འཁུར་བ་ཞིག་རེད། ཀྲུང་གོའི་ཀུང་སིས་གཞུང་སྒེར་མཉམ་གཉེར་གྱི་དཔེ་དབྱིབས་ལ་བརྟེན་ནས་ང་ཚོའི་རྣམ་གྲངས་ནང་ཞུགས་རྒྱུར་ང་ཚོས་སྐུལ་ལྕག་བྱེད་བཞིན་ཡོད་ཅེས་བསྟན་གནང་ཡོད།

ཚོང་དོན་པུའི་པུའུ་ཀྲང་གཞོན་པ། རྒྱལ་སྤྱིའི་ཉོ་ཚོང་དབྱེ་འབྱེད་གྲོས་མོལ་གྱི་འཐུས་མི་གཞོན་པ་ཡུས་ཅན་ཧྭ་ཡིས། སྤྱི་ལོ་༢༠༡༨ལོར་ཀྲུང་གོ་དང་ཡོ་རོབ་དབུས་ཤར་གྱི་རྒྱལ་ཁབ་༡༧གྱི་ཉོ་ཚོང་དངུལ་གྲངས་ཨ་སྒོར་དུང་ཕྱུར་༩༠༠ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་ཕན་ཚུན་མ་འཇོག་བྱེད་ཚད་བརྟན་པོའི་ངང་འཕར་བ་དང་། ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱིས་ཀྲུང་གོར་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་༡༥ལས་བརྒལ་བ། ཀྲུང་གོའི་ཁེ་ལས་ཀྱིས་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཏུ་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་༡༠༠ལས་བརྒལ་ཡོད། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཚང་མ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འདྲ་མཉམ་ཁོངས་མི་ཡིན་པས། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ལྟེ་བར་བྱེད་པའི་ཕྱོགས་མང་ཉོ་ཚོང་སྒྲིག་གཞི་རྒྱུན་འཁྱོངས་བྱེད་པ་བརྒྱུད། ཕྱོགས་རྐྱང་པའི་རིང་ལུགས་དང་། སྲུང་སྐྱོང་རིང་ལུགས། བཙན་ཤེད་རིང་ལུགས་བཅས་ལ་ངོ་རྒོལ་བྱེད་ཀྱི་ཡོད། ༡༧+༡མཉམ་ལས་དེ་ས་ཁོངས་ལས་བརྒལ་བའི་སྒོ་དབྱེ་མཉམ་ལས་ཀྱི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་ཞིག་ཏུ་འགྱུར་ངེས་རེད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམདཔལ།