དེ་སྔོན་ཕྱི་རྒྱལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་དང་རིགས་གཅིག་མཁས་པ་རིག་གནས་པ་བཅས་ཀྱིས་བཙན་དབང་རིང་ལུགས་དང་། གནོན་ཤུགས་ཚད་མེད་སྤྲད་པས། ཨ་རི་དེ་ཉིད་རྒྱལ་སྤྱིའི་སྒྲིག་སྲོལ་གཏོར་བཤིག་གཏོང་མཁན་ལ་གྱུར་ཡོད་ཅེས་གསུངས་པ།
སྤེལ་བའི་དུས་ཚོད། : 2019-06-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གོའི་བར་གྱི་ཉོ་ཚོང་དམག་འཐབ་ཟམ་མི་ཆད་པར་རིམ་འཕར་བྱས་པ་དང་། རྒྱལ་ཁབ་མང་པོར་བསྟུད་མར་སྒོ་ཁྲལ་དབྱུག་པ་གཡུག་པས། དེ་སྔོན་ཕྱི་རྒྱལ་ལ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་དང་རིགས་གཅིག་མཁས་པ་རིག་གནས་པ་བཅས་མང་པོ་ཞིག་གིས། ཨ་རིས་གནོན་ཤུགས་ཚད་མེད་སྤྲད་ནས་ཁེ་ཕན་ཆེ་ཤོས་ཐོབ་ཐབས་བྱེད་པ་དང་། འཛམ་གླིང་གི་ཉོ་ཚོང་མ་ལག་དང་རྒྱལ་སྤྱིའི་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་བཏང་བས། ཨ་རི་དེ་ཉིད་འཛམ་གླིང་གི་སྒྲིག་སྲོལ་གཏོར་བཤིག་གཏོང་མཁན་ལ་གྱུར་ཡོད་ཅེས་བསྟན་ཡོད་པ་རེད།

ཀྲུང་གོ་མི་དམངས་སློབ་ཆེན་དཔལ་འབྱོར་སློབ་གླིང་གི་དགེ་རྒན་ཆེན་མོ་ཝང་ཤའོ་སུང་གིས། ཨ་རིའི་ཕྱོགས་རྐྱང་པའི་རིང་ལུགས་དང་། བཙན་དབང་རིང་ལུགས་ཀྱིས་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་ཕྱོགས་མང་སྒྲིག་སྲོལ་ལ་སྔར་བྱུང་མྱོང་མེད་པའི་འཇིགས་སྐུལ་བཟོས་ཡོད་ཅེསབ་སྟན་པ་དང་། ཁོང་གིས། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་རྩོད་གཞི་ཐག་གཅོད་གྱོད་གཞིའི་ཁྲོད། གསུམ་ཆ་གཉིས་ནི་ཨ་རིས་སྒྲིག་སྲོལ་ལ་མི་བརྩི་བ་ལས་བཟོས་པ་ཡིན་པ་དང་། གྲངས་གཞི་དེའི་ཐོག་ནས་བལྟས་ཚེ། ཨ་རི་ནི་ཕྱོགས་མང་མ་ལག་གི་གཏོར་བཤིག་གཏོང་མཁན་ཆེ་ཤོས་དེ་ཡིན་པ་མངོན་གསལ་དོད་པོ་ཡིན་ཞེས་གསུངས་ཡོད་པ་རེད།

རེས་འཁོར་བཅུ་གཅིག་གི་ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་ལ་བལྟས་ཚེ། ན་ནིང་སྤྱི་ཟླ་5པའི་ནང་། ཀྲུང་ཨ་ཕྱོགས་གཉིས་པོས་དཔལ་འབྱོར་ཉོ་ཚོང་གནད་དོན་ཐད་ཐུན་མོང་ངོས་འཛིན་མང་པོ་བྱུང་ཡོད། འོན་ཀྱང་ཉིན་ཁ་ཤས་ཀྱི་རྗེས། ཨ་རིའི་ཕྱོགས་ཀྱིས་ཕྱོགས་གཉིས་པོའི་ཐུན་མོང་ངོས་འཛིན་དང་རྒྱབ་འགལ་བྱས་ཡོད། ན་ནིང་སྤྱི་ཟླ་12པར། ཀྲུང་ཨ་ཕྱོགས་གཉིས་པོས་ཀྲུང་གོའི་ཕྱོགས་དང་ཨ་རིའི་བར་ཉོ་ཚོང་ཉོ་སྒྲུབ་གྲངས་གཞིའི་ཐད་ངོས་འཛིན་གཅིག་མཚུངས་བྱུང་ཡོད། འོན་ཀྱང་ཨ་རིའི་ཕྱོགས་ནས་དེ་རྗེས་ཀྱི་གྲོས་མོལ་ནང་སླར་ཡང་རང་དགར་རིན་གོང་མཐོ་རུ་བཏང་ཡོད། འགྱུར་ལྡོག་མང་བ་དང་ཁ་གཅིག་ལྕེ་གཉིས་ཀྱི་བྱེད་སྟངས་དེ་རིགས་ལ། དེ་སྔ་སོ་ཏི་དང་ཨེ་ཅེབ་ལ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝུ་སི་ཁོའོ་ཡིས། ཨ་རིའི་ཕྱོགས་ནས་སེམས་ཁུར་བྱེད་ས་ནི་སྔ་ས་ནས་ཉོ་ཚོང་ཁོ་ན་མ་ཡིན་པའི་གནད་དོན་གཞན་དག་ཡིན། ཨ་རིའི་དམིགས་འབེན་ནི་ཉོ་ཚོང་གི་གནད་དོན་ཙམ་མ་ཡིན་པར། གནོན་ཤུགས་སྤྲད་པ་དང་ཚོད་འཛིན་བྱ་རྒྱུ་དེ་ཡིན། ཨ་རིས་ཕ་རོལ་ཕྱོགས་ཀྱི་སྟོབས་ཤུགས་དེ་རིགས་མཐར་གཏུགས་ནས་བཤད་ན་རང་ངོས་ཀྱི་བཙན་དབང་གནས་བབ་སྲུང་སྐྱོབ་བྱ་ཆེད་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

དེ་སྔ་ཧ་སག་སི་ཐན་ལ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཡའོ་ཕེ་ཧྲེང་གིས། གོ་ལ་ཧྲིལ་པོའི་དཔལ་འབྱོར་ཅན་གྱི་རླབས་རྒྱུན་ཆགས་ཟིན་པས་སུས་ཀྱང་འགོག་ཐབས་བྲལ་ཡོད། ཨ་རི་དེ་ཉིད་དཔལ་འབྱོར་མ་ལག་ཨང་དང་པོར་གྱུར་བ་དེ་ཡང་གོ་ལ་ཧྲིལ་པོའི་དཔལ་འབྱོར་གོང་འཕེལ་བྱུང་བར་བརྟེན་ནས་ཆགས་པ་ཡིན། གལ་ཏེ་ཨ་རིས་སླད་ཕྱིན་ཨུ་ཚུགས་ཆེན་པོས་རང་ངོས་ཁེར་རྐྱང་གི་དཔལ་འབྱོར་སྲིད་ཇུས་རྒྱུན་འཁྱོངས་བྱས་ན། ངའི་བསམ་པར་དཔལ་འབྱོར་ཨང་དང་པོའི་གནས་བབ་ཀྱང་ཡུན་རིང་གནས་མི་ཐུབ། གང་ལགས་ཤེ་ན་ཨ་རིས་རོགས་པ་མང་པོ་ཞིག་ཤོར་ཟིན། གོ་ལ་ཧྲིལ་པོའི་དཔལ་འབྱོར་ཅན་གྱི་རླབས་རྒྱུན་ཆགས་ཟིན་པས་སུས་ཀྱང་འགོག་མི་ཐུབ་ཅིང་། ཨ་རིས་ཀྱང་འགོག་མི་ཐུབ་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།