འཕྲལ་སྒྲུབ་དོ་དམ་པུས་སྣྲོན་ཟླའི་དུས་ཆེན་རིང་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་བརྟན་པོ་ཡིན་ཞེས་བཤད་པ།
སྤེལ་བའི་དུས་ཚོད། : 2019-06-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། གསར་འགོད་པར་སྤྱི་ཚེས་9ཉིན་འཕྲལ་སྒྲུབ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྣྲོན་ཟླའི་དུས་ཆེན་གྱི་གུང་གསེང་རིང་། རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་བརྟན་པོ་བྱུང་ཡོད་པ་དང་། སྤྱི་ཟླ་6པའི་ཚེས་9ཉིན་གྱི་ཆུ་ཚོད་18པ་བར་སླེབས་དུས། རྒྱལ་ཡོངས་སུ་ཚབས་ཆེའི་ཐོན་སྐྱེད་བདེ་འཇགས་ཀྱི་དོན་རྐྱེན་ཐོན་མེད་པ་དང་། ཅུང་ཆེ་བའི་དོན་རྐྱེན་ཐོན་པའི་སྙན་ཞུ་འབྱོར་ཚད་ཀྱང་དུས་མཚུངས་ལས་བརྒྱ་ཆ་15དང་གྲངས་ཆུང་4ཆག་ཡོད། འོན་ཀྱང་རང་བྱུང་གནོད་འཚེའི་གྱོང་གུན་ཕོག་ཚབས་ཅུང་ཆེ་བ་དང་། ཅང་ཞི་ཞིང་ཆེན་ཅི་ཨན་དང་ཧྲང་རའོ་སོགས་སུ་ཚབས་ཆེའི་དྲག་ཆར་ཆུ་ལོག་གི་གནོད་འཚེའི་གནས་ཚུལ་ཐོན་ཡོད་པ་རེད།

འཕྲལ་སྒྲུབ་དོ་དམ་པུའི་འབྲེལ་ཡོད་འགན་འཁུར་མི་སྣས་ངོ་སྤྲོད་གནང་བར་གཞིགས་ན། གུང་གསེང་རིང་། རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མེ་སྐྱོན་ཤོར་བའི་སྙན་ཞུ་འབྱོར་ཚད་དུས་མཚུངས་ལས་བརྒྱ་ཆ་14དང་གྲངས་ཆུང་6ཆག་ཡོད་པ་དང་། རྒྱལ་ཡོངས་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་ཁྱོན་རླངས་འཁོར་ཐེངས་ཆིག་ཁྲི་ཆིག་སྟོང་བཏང་བ་དང་། བཀོད་འཐབ་དམག་མི་ཐེངས་དྲུག་ཁྲི་ཆིག་སྟོང་ལྷག་བཏང་ནས། མེ་གསོད་པ་དང་ཉེན་སེལ་རོགས་སྐྱོབ་ཐེངས་5429ཡི་ནང་ཞུགས་པ། དཀའ་ངལ་འཕྲད་པའི་མང་ཚོགས་7149ལ་རོགས་སྐྱོབ་དང་ཁ་བཀྲམ་ཡོད། ནགས་ཚལ་མེ་ཟོན་དཔུང་ཁག་གིས་ཁྱོན་མི་449བཏང་ནས་ནགས་ཚལ་མེ་སྐྱོན་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་སེལ་བའི་ནང་ཞུགས་ཡོད་པ་དང་། མི་ཐེངས་403བཏང་ནས་མེ་སྐྱོན་སྔོན་འགོག་གི་ལས་འགན་སྒྲུབ་ཡོད་པ། མི་1767བཏང་ནས་གཙོ་གནད་མེ་སྐྱོན་ཉེན་ཁ་ཆེ་བའི་ཁུལ་44ལ་བཅའ་སྡོད་བྱས་ཡོད་པ་རེད། རྒྱལ་ཁབ་རིམ་པའི་བདེ་འཇགས་ཐོན་སྐྱེད་ཀྱི་འཕྲལ་སྒྲུབ་རོགས་སྐྱོབ་དཔུང་ཁག་གིས་ཁྱོན་རུ་ཁག་བདུན་བཏང་ནས་རོགས་སྐྱོབ་བྱས་པ་དང་། བཀོད་འཐབ་དམག་97དང་རླངས་འཁོར་སྒྲིག་ཆས་ཆ་23བཏང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།