ཨ་རིའི་མཐོ་སློབ་མང་པོ་ཞིག་གིས་ཀྲུང་གོའི་སློབ་མ་དང་རིག་གནས་པ་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན་པ།
སྤེལ་བའི་དུས་ཚོད། : 2019-06-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཨ་རིའི་མཐོ་སློབ་མང་པོ་ཞིག་གི་འགན་འཁུར་བས་ཉེ་ཆར། སྔར་རྒྱུན་བཞིན་མཛའ་གྲོགས་ཀྱི་ཁོར་ཡུག་བསྐྲུན་ནས། ཀྲུང་གོའི་སློབ་མ་དང་ཀྲུང་གོའི་རིག་གནས་པ་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་པ་དང་། ཁོང་ཚོས་ཀྱང་ཨ་རིའི་འབྲེལ་ཡོད་ཚད་བཀག་བྱ་ཐབས་ཀྱིས་རྒྱལ་སྤྱིའི་སློབ་ཁུངས་ཉུང་དུ་འགྲོ་བཟོ་ཡོད་པ་དང་། རིག་གཞུང་དང་ཚན་རིག་ཞིབ་འཇུག་གི་བྱེད་སྒོར་ཤུགས་རྐྱེན་ཐེབས་རྒྱུར་སེམས་ཁྲལ་བྱེད་ཀྱི་ཡོད་ཅེས་བསྟན་ཡོད་པ་རེད།

ཀྲི་ཁ་ཀོ་སློབ་ཆེན་གྱི་སློབ་སྤྱི་ཆི་མོ་ཡིས་ཉེ་དུས། ཀྲི་ཀ་ཀོ་སློབ་ཆེན་གྱིས་ཀྲུང་གོའི་སློབ་མ་དང་རིག་གནས་པ་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོའི་སློབ་ཆེན་དང་ཁྱབ་ཁོངས་མང་པོ་ཐད་མཉམ་ལས་བྱ་རྒྱུ་དེས་རིག་གནས་མི་འདྲ་བར་རྒྱུད་ལོན་བྱ་རྒྱུར་ཕན་ཐོགས་ཡོད་པ་དང་། དེས་ཨ་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་ངོས་ནས་བརྗོད་ན་ཧ་ཅང་གི་གལ་ཆེན་པོ་ཡིན་ཞེས་བསྟན་འདུག

དབྱི་ལི་ནོ་དབྱིའི་སློབ་ཆེན་ཨོ་པ་ན་ ཧྲང་ཕེ་ཨན་ཡན་ལག་སློབ་གྲྭའི་སློབ་དོན་འགོ་འཛིན་གཞོན་པ་ཕི་ཚིས། སློབ་གྲྭ་འདིའི་ནང་གི་རྒྱལ་སྤྱིའི་སློབ་མའི་ཡོང་ཁུངས་མང་ཤོས་ནི་ཀྲུང་གོ་ཡིན་པ་དང་། ཀྲུང་གོའི་སློབ་མས་སློབ་གྲྭའི་རིག་གཞུང་སྔོན་ཐོན་གྲས་སུ་སླེབས་རྒྱུའི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ང་ཚོས་ཀྱང་མུ་མཐུད་ནས་འབད་བརྩོན་བྱས་ཏེ། ང་ཚོའི་སློབ་གྲྭ་ཀྲུང་གོའི་སློབ་མར་དགའ་བསུ་ཞུ་བའི་གནས་ཞིག་ཏུ་འགྱུར་རྒྱུར་འགན་ལེན་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

མི་ཤེ་ཀན་སློབ་ཆེན་གྱི་སློབ་དོན་འགོ་འཛིན་གཞོན་པ་ཧོ་ལོ་ཝེ་ཡིས། མིག་སྔར་སློབ་གྲྭ་དེའི་རྒྱལ་སྤྱིའི་སློབ་མ་ཕྱེད་ཀ་ཙམ་ནི་ཀྲུང་གོའི་སློབ་མ་ཡིན། རྒྱལ་སྤྱིའི་སློབ་མས་སློབ་གྲྭར་གསར་གཏོད་ཀྱི་ལྟ་བ་སྣ་ཚོགས་དང་བསམ་བློའི་ཐོག་གི་གསོན་ཤུགས་ཀྱང་སྐུལ་སྤེལ་བྱས་ཡོད་ཅེས་བསྟན་འདུག

མ་ལི་ལན་སློབ་ཆེན་གྱི་འགོ་འཛིན་ལུ་ཏའོ་ཁུའི་ཡིས། ཨ་རིའི་མཐོ་སློབ་ཀྱི་ཚན་རིག་དང་། ལག་རྩལ། བཟོ་སྐྲུན། རྩིས་རིག་ཚན་ཁག་སོགས་ཀྱི་འབུམ་རམས་པའི་སློབ་གནས་ཐོབ་མཁན་གྱི་སློབ་མ་ཕྱེད་ཀ་ཡན་ནི་རྒྱལ་སྤྱིའི་སློབ་མ་ཡིན་པ་དང་། དེའི་ནང་ནས་བཅུ་ཆ་གསུམ་ནི་ཀྲུང་གོ་ནས་ཡོང་བ་ཡིན། གལ་ཏེ་རྒྱལ་སྤྱིའི་སློབ་མ་མེད་ཚེ། ཨ་རིའི་གོང་གསལ་གྱི་ཚན་ཁག་དེ་ཚོའི་བཟང་ཆ་ཤོར་རྒྱུར་ཡིན་ཞེས་བསྟན་ཡོད།

སི་ཐན་ཧྥུ་སློབ་ཆེན་གྱི་སློབ་སྤྱི་ལ་ཝེ་ཉེ་དང་སློབ་དོན་འགོ་འཛིན་ཏེ་ལེ་འར་གྱིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས། སི་ཐན་ཧྥུ་སློབ་ཆེན་གྱིས་རྒྱལ་སྤྱིའི་སློབ་མ་དང་རིག་གནས་པ་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་པ་དང་། རྣམ་པ་གང་རུང་གི་ཕྱོགས་ཞེན་དང་མཐོང་ཆུང་མེད་པ་བཟོ་རྒྱུ་ཡིན་ཞེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།