ཕྱོགས་གཉིས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། རོགས་ལས་བྱས་ནས་འགྲན་རྩོད་ལ་ཁ་གཏད་བཅོག་པ་སྟེ། ཨུ་རུ་སུའི་རིགས་གཅིག་མཁས་པས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུར་འཚམས་འདྲི་གནང་བའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ།
སྤེལ་བའི་དུས་ཚོད། : 2019-06-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་མཇུག་སྒྲིལ་རྗེས། ཨུ་རུ་སུའི་རིགས་གཅིག་མཁས་པ་མང་པོས་ཐེངས་འདིའི་འཚམས་འདྲིར་གདེང་འཇོག་གང་ལེགས་གནང་ཡོད་པ་དང་། འཚམས་འདྲིར་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་པའི་ངོས་འཛིན་གནང་བ་མ་ཟད། ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བའི་འབྱུང་འགྱུར་གོང་འཕེལ་ལ་རེ་བ་ཆེན་པོ་བཅོལ་གནང་ཡོད།

ཨུ་རུ་སུའི་མཐོ་རིམ་དཔལ་འབྱོར་སློབ་གླིང་ཁོངས་གཏོགས་ཀྱི་ཡོ་རབ་དང་རྒྱལ་སྤྱིའི་ཕྱོགས་བསྡུས་ཞིབ་འཇུག་ལྟེ་གནས་ཀྱི་རྒྱལ་སྤྱིའི་ཆབ་སྲིད་དཔལ་འབྱོར་སློབ་གཞི་ཁྲུའི་ཀྲུའུ་རེན་ཁ་ཧྲེན་གྱིས། ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བའི་གོང་འཕེལ་གྱི་ལོ་རྒྱུས་ཐོག་རྒྱལ་དོན་འཚམས་འདྲིར་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་པ་དེ་རྒྱུན་རྣམ་ཅན་ལ་འགྱུར་ཡོད་པ་དང་། ད་ཐེངས་ཀྱི་འཚམས་འདྲིའི་རིང་། ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཐུན་མོང་ཐོག་ཕྱོགས་གཉིས་མཉམ་ལས་ཡིག་ཆ་30ཙམ་ལ་མིང་རྟགས་བཀོད་པར་དཔང་པོ་གནང་ཡོད་ཅེས་བསྟན་ཡོད་པ་རེད།

ཨུ་རུ་སུའི་མཐོ་རིམ་དཔལ་འབྱོར་སློབ་གླིང་ཤར་ཕྱོགས་རིག་པའི་སློབ་ཁྲིད་ཞིབ་འཇུག་ཁང་གི་ཀྲུའུ་རེན་མ་སེ་ལོ་ཧྥུས། ཨུ་རུ་སུ་དང་ཀྲུང་གོ་ཕྱོགས་གཉིས་པོས་ཐུན་མོང་ཐོག་བྱ་ཐབས་སྤྱད་ནས་འཛམ་གླིང་སྣེ་མང་ཅན་ལ་རྒྱབ་སྐྱོར་དང་ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ངོ་རྒོལ་བྱ་རྒྱུ་དང་ཆབས་ཅིག གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད་ཅེས་བསྟན་འདུག

ཨུ་རུ་སུའི་ཚན་རིག་ཁང་གི་དཔལ་འབྱོར་དང་རྒྱལ་སྤྱིའི་འབྲེལ་བའི་ཞིབ་འཇུག་ཁང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཞིབ་འཇུག་ལྟེ་གནས་ཀྱི་དབུ་ཞུགས་ཞིབ་འཇུག་པ་ལོ་མ་ལོ་ཧྥུས། ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་གལ་ཆེའི་གསུངས་བཤད་ནང་ནས། ཕྱི་ཕྱོགས་ཀྱི་གནོན་ཤུགས་ལས་ཐོན་པའི་གནད་དོན་གསར་པ་དང་། འགྲན་རྩོད་གསར་པའི་མདུན་དུ། ཨུ་རུ་སུ་དང་ཀྲུང་གོས་ཁ་གཏད་བྱ་ཐབས་འཚོལ་བ་དང་། ཐུན་མོང་ཐོག་གནད་དོན་ཐག་གཅོད་བྱེད་སྐབས་ཕན་ཚུན་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་པ་མཐོང་ཐུབ། ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བར་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལྡན་ཡོད་པའི་ངོས་འཛིན་གནང་ཡོད་པ་རེད།

མོ་སི་ཁོའི་རྒྱལ་འཛུགས་སློབ་ཆེན་གྱི་རྒྱལ་ཁབ་ཆབ་སྲིད་ཚན་ཁག་གི་ཀྲུའུ་རེན་ཡ་ཁུ་ཉིང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་རེས་འཚམས་འདྲི་གནང་བ་དེས་ཨུ་རུ་སུ་དང་ཀྲུང་གོའི་མཉམ་ལས་ལ་ཁྱབ་ཁོངས་གསར་པ་གཏོད་གནང་བ་དང་། ཕྱོགས་གཉིས་པོས་ཁྱོན་ཡོངས་འཐབ་ཇུས་རོགས་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཕ་རོལ་གྱི་སྲོག་ཤིང་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱལ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པའི་ངོས་འཛིན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། དབང་འདུས།