མི་དམངས་ཉིན་རེའི་ཚགས་པར་ཐོག་འགོ་བརྗོད་དུ་གཞན་ལ་གན་རྒྱ་གླེང་བ་དང་རང་ཉིད་གན་རྒྱ་ནས་དོན་པ་སྟེ། ཨ་རིའི་སྲིད་དོན་མི་སྣ་ཁག་གཅིག་གི་མཐུན་ན་བེད་སྤྱོད་དང་མི་མཐུན་ལ་དོར་བའི་གདོང་རིས་ངོ་མ་གསལ་པོ་མཐོང་བར་བྱེད་པ་ཞེས་འཁོད་པའི་ཀྲུང་ཧྲེང་གི་རྩོམ་ཡིག་སྤེལ་བ།
སྤེལ་བའི་དུས་ཚོད། : 2019-06-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༠ཉིན་དཔེ་སྐྲུན་བྱས་པའི་མི་དམངས་ཉིན་རེའི་ཚགས་པར་ཐོག་འགོ་བརྗོད་དུ་གཞན་ལ་གན་རྒྱ་གླེང་བ་དང་རང་ཉིད་གན་རྒྱ་ནས་དོན་པ་སྟེ། ཨ་རིའི་སྲིད་དོན་མི་སྣ་ཁག་གཅིག་གི་མཐུན་ན་བེད་སྤྱོད་དང་མི་མཐུན་ལ་དོར་བའི་གདོང་རིས་ངོ་མ་གསལ་པོ་མཐོང་བར་བྱེད་པ་ཞེས་འཁོད་པའི་ཀྲུང་ཧྲེང་གི་རྩོམ་ཡིག་སྤེལ་ཡོད་པ་རེད།

རྩོམ་ཡིག་ནང་། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་སྒྲིག་སྲོལ་ནི་ཕྱོགས་ཁག་གི་ཐུན་མོང་ངོས་འཛིན་གྱི་རྨང་གཞིའི་ཐོག་ཆགས་པའི་གན་རྒྱ་ཞིག་ཡིན་པ་དང་། ཕྱོགས་ཁག་ཚང་མས་རང་རྟོགས་ངང་འབྲེལ་ཡོད་གཏན་འབེབ་ལྟར་ལས་དོན་སྤེལ་དགོས་ཀྱི་ཡོད། ཨ་རིས་དེ་ལྟར་མ་བྱས་པར། བརྩན་ཐབས་ངང་རྒྱལ་ནང་གི་བཅའ་ཁྲིམས་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་སྒྲིག་སྲོལ་གྱི་གོང་དུ་བཞག་ནས། ཕྱོགས་རྐྱང་པས་རྒྱལ་ཁབ་མང་པོ་དང་ཉོ་ཚོང་རྩོད་གཞི་བསླང་བ་དང་། རང་སྣང་ངང་ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་རྡོག་རྫིས་བཏང་ཡོད། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཡིན་པའི་ངོས་ནས། ཨ་རིས་ད་དུང་ཡོངས་བསྒྲགས་ཐོག འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་ཞུ་གཏུག་ལས་ཁུངས་དང་རྩོད་གཞི་ཐག་གཅོད་སྒྲིག་གཞིས་ཨ་རིར་ཚོད་འཛིན་བཟོ་མི་ཆོག་ཅེས་བསྟན་པ་དང་། ཐ་ན་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ནས་དོན་རྒྱུའི་འཇིགས་སྐུལ་བྱེད་ཀྱི་ཡོད། དམར་དམར་བྱིན་བྱིན་གྱི་འཇིགས་སྐུལ་དེ་འདྲ་བྱེད་ཀྱི་ཡོད་པས། གན་རྒྱའི་སྙིང་སྟོབས་གང་ཞིག་ལྡན་ཡོད་དམ་ཞེས་བསྟན་ཡོད་པ་དང་།

རྩོམ་ཡིག་ནང་། ཨ་རིའི་སྲིད་དོན་མི་སྣ་ཁག་གཅིག་གིས་ངག་ཐོག་ནས་གན་རྒྱའི་སྙིང་སྟོབས་གླེང་བ་ནི་ཁོང་ཚོས་གཞན་ལ་རྒོལ་རྡུང་གཏོང་བའི་ཡོ་ཆས་དང་ཁ་གཡར་ས་ཙམ་ཡིན། རང་ཉིད་ཀྱི་སྒེར་གྱི་ཁེ་ཕན་སྒྲུབ་ཆེད། ཁོང་ཚོས་འཛེམ་བག་སྤུ་ཙམ་མེད་པར་ཁ་དན་རྒྱབ་སྐྲུར་གྱི་ལས་ཀ་བྱེད་ཀྱི་ཡོད་པ་དང་། སྐབས་རེ་ཁ་གཡར་ས་ཡང་འཚོལ་ལོང་མེད་ཅིང་། ཨ་རིའི་རྒྱལ་དོན་བློན་ཆེན་ཕང་ཕེ་ཨའོ་ཡིས་མི་རིང་བའི་གོང་ངོ་ཚ་ཁྲེལ་མེད་ངང་། ང་ཚོས་རྫུན་མ་ཤོད་པ་དང་མགོ་སྐོར་གཏོང་བ། བརྐུ་རྒྱག་པ་བཅས་ཀྱི་བྱེད་ཀྱི་ཡོད། ད་ཚོར་ད་དུང་ཆེད་མངགས་དེ་དག་སློབ་པའི་སློབ་ཚན་ཞིག་ཀྱང་ཡོད། དེ་ནི་ཨ་རིས་ཡར་རྒྱས་ཟམ་མི་ཆད་པ་འཚོལ་ཞིབ་བྱེད་པའི་གཟི་བརྗིད་ཞིག་ཡིན་ཞེས་བཤད་ཡོད། ཨ་རིའི་སྲིད་དོན་མི་སྣ་ཁག་གཅིག་གི་སེམས་ནང་། ཁེ་ཕན་ཡོད་ཚད་ཐོབ་ཐབས་བྱེད་པ་ནི་རྩ་ཆེའི་གསུང་རབ་ལྟ་བུ་ཡིན་པ་དང་། གན་རྒྱའི་སྙིང་སྟོབས་འཇོག་པའི་བར་ཁམས་ཏིལ་འབྲུ་ཙམ་ཡང་མེད་ཅེས་ནན་སྟོན་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། དབང་འདུས།