ཀྲུང་གུང་ཀྲུང་དབྱང་གིས་སློབ་སྦྱོང་རྩ་གནད་ཅེས་པ་པར་འགྲེམས་གནང་བ།
སྤེལ་བའི་དུས་ཚོད། : 2019-06-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གུང་ཀྲུང་དབྱང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་སློབ་སྦྱོང་རྩ་གནད་ཅེས་པའི་སྐོར་གྱི་བརྡ་ཐོ་པར་འགྲེམས་གནང་བ།

ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་སློབ་སྦྱོང་རྩ་གནད་ཅེས་པའི་སྐོར་གྱི་བརྡ་ཐོ་པར་འགྲེམས་གནང་ཡོད།

བརྡ་ཐོའི་ནང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་ཏང་གིས་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་པའི་མཛུབ་ཁྲིད་བསམ་བློར་གཏན་འཁེལ་བྱས་པ་མ་ཟད་ཏང་གི་སྒྲིག་ཡིག་ནང་བཅུག་ཡོད། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་གྲོས་འཆམ་བྱུང་བའི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་རྩ་ཁྲིམས་ནང་བཅུག་པས། ཏང་དང་རྒྱལ་ཁབ་ཀྱི་མཛུབ་ཁྲིད་བསམ་བློ་དུས་བསྟུན་མཉམ་སྐྱོད་བྱུང་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་རྒྱུན་འཛིན་དང་གོང་འཕེལ་བཏང་བ་ཞིག་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་ལ་གྱུར་བའི་གྲུབ་འབྲས་གསར་ཤོས་ཡིན་པ། ཏང་དང་མི་དམངས་ཀྱི་ལག་ལེན་ཉམས་མྱོང་དང་མཉམ་སྡེབ་བློ་གྲོས་ཀྱི་ཉིང་བཅུད་ཡིན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་གཞུང་མ་ལག་གི་གྲུབ་ཆ་གལ་ཆེན་ཡིན་པ། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་བཅས་ཡིན་པས་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད་ཟམ་མི་ཆད་པར་གོང་འཕེལ་གཏོང་དགོས་ཞེས་བསྟན་ཡོད།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་བྱ་རྒྱུ་སྔར་བས་གཏིང་ཟབ་ཡོང་ཆེད། ཏང་ཀྲུང་དབྱང་གི་བླང་བྱ་གཞིར་བཟུང་། ཀྲུང་དབྱང་དྲིལ་བསྒྲགས་པུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་སློབ་སྦྱོང་རྩ་གནད་ཅེས་པ་རྩོམ་སྒྲིག་བྱ་རྒྱུ་སྒྲིག་འཛུགས་བྱས་ཡོད། ཏང་ཀྲུང་དབྱང་གིས་༼རྩ་གནད་༽ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་བྱས་པ་དེས་དགོངས་དོན་དེའི་གཞི་རྩའི་སྙིང་དོན་དང་། གཞི་རྩའི་ནང་དོན། གཞི་རྩའི་བླང་བྱ་བཅས་ལ་གོ་བ་ལེན་པ་དང་ཁོང་དུ་ཡག་པོ་ཆུད་རྒྱུར་ཕན་ཐོགས་ཡོད་པའི་ངོས་འཛིན་གནང་ཞིང་། ཏང་ཀྲུང་དབྱང་གིས་རྩ་གནད་ཅེས་པ་པར་འགྲེམས་བྱ་རྒྱུར་མོས་མཐུན་གནང་ནས་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པའི་རམས་འདེགས་ཀློག་དེབ་ལ་བརྩི་དགོས་ཞེས་འཁོད་པ་དང་།

བརྡ་ཐོའི་ནང་། རིམ་ཁག་ཏང་ཨུད་དང་(ཏང་ཙུའུ་)ཡིས་རྒྱུན་བསྲིངས་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཏང་ཡོན་ཚང་མས་མ་རྩོམ་བལྟ་ཀློག་ནན་ཏན་བྱེད་པ་དང་། མ་ཡིག་སྦྱོང་བ། རྩ་བའི་རིགས་པ་ཤེས་པ་བཅས་བྱ་རྒྱུ་སྒྲིག་འཛུགས་བྱེད་དགོས་པ་མ་ཟད། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་བྱེད་པ། རྩ་གནད་དེ་སློབ་སྦྱོང་བྱ་རྒྱུའི་འཆར་གཞིའི་ནང་འཇུག་པ་དང་། བཀོད་སྒྲིག་ཚགས་ཚུད་པོ་བྱེད་པ། རྣམ་པ་མང་བ་དང་། བང་རིམ་དབྱེ་བ། ཁྱོན་ཡོངས་ལ་ཁྱབ་པ་བཅས་ཀྱི་སློབ་སྦྱོང་སྦྱོང་བརྡར་བྱེད་དགོས། བསམ་བློ་མང་ཙམ་གཏོང་བ་དང་། སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་རྒྱུར་ཤུགས་སྣོན་རྒྱག་པ། དགོངས་པ་དེའི་དུས་རབས་ཀྱི་དོན་སྙིང་དང་། རིགས་གཞུང་གི་དོན་སྙིང་། ལག་ལེན་གྱི་དོན་སྙིང་། འཛམ་གླིང་གི་དོན་སྙིང་བཅས་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། དགོངས་པའི་སྙིང་དོན་གཙོ་བོ་དང་། དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་ལེན་པ། མ་ལག་ཚང་བ་དང་། ཁྱོན་ཡོངས། མཐའ་གསལ་མཐིལ་རྟོགས་བཅས་ལ་ཤུགས་སྣོན་རྒྱག་པ། དགོངས་པ་དེ་ཁྱབ་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་པ། དེ་འདྲ་ཡིན་པ་ཤེས་དགོས་ལ་དེ་འདྲ་ཡིན་པའི་རྒྱུ་མཚན་ཡང་ཤེས་པ་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་རིགས་གཞུང་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་གཏོང་དགོས། ཤེས་སྤྱོད་ཟུང་སྦྲེལ་དང་སྦྱངས་པ་བེད་སྤྱོད་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། རིགས་གཞུང་དང་དོན་དངོས་གཉིས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ། སྔར་བས་རང་རྟོགས་ངང་དགོངས་པ་དེའི་མཛུབ་ཁྲིད་ལ་བརྟེན་ནས་དོན་དངོས་གནད་དོན་ཐག་གཅོད་བྱས་ཏེ། སློབ་སྦྱོང་བྱས་པའི་འབྲས་བུ་དེ་རང་འགན་ལས་དོན་ཡག་པོ་སྒྲུབ་པ་དང་བྱ་གཞག་གོང་འཕེལ་ལ་སྐུལ་དེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ལ་སྒྱུར་དགོས་ཞེས་དང་།

རྒྱ་ཁྱབ་ཏུ་སློབ་སྦྱོང་དང་དྲིལ་བསྒྲགས། རྒྱས་བཤད་བཅས་ཀྱི་ལས་དོན་སྒྲུབ་པ་བརྒྱུད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སྔར་བས་མི་སེམས་ལ་ཟུག་པ་དང་རྩ་བ་ཚུགས་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོའི་འདུ་ཤེས་བཞི་ཤུགས་ཆེར་འགྲོ་བ་དང་། བློ་སྤོབས་བཞི་བརྟན་དུ་འགྲོ་བ། སྲུང་སྐྱོང་གཉིས་སྒྲུབ་པ་བཅས་ལ་ཁྲིད་སྟོན་བྱེད་པ། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེའི་རྒྱལ་ཁ་བརྩོན་ལེན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཚེ་དགའ།
ཞུ་དག མགོན་པོ་གཡུལ་རྒྱལ།
ཡིག་སྒྱུར། མིག་དམར་རྒྱ་མཚོ།