ལོ་ངོ་15ནང་བོད་དུ་ནགས་ཚན་ཁྱབ་ཚད་ལྡབ་འཕར་བྱུང་བ།
སྤེལ་བའི་དུས་ཚོད། : 2019-06-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  མི་དམངས་ཉིན་རེའི་ཚགས་པར། སྟག་གདོང་གྲོང་ཚོ་ནི་བོད་ལྗོངས་ཀྱི་ལྷ་སའི་སྐྱིད་ཆུའི་ལྷོ་ངོགས་སུ་གནས་ཡོད་པ་དང་། ལོ་ངོ་སྟོང་ཕྲག་ནང་། བྲག་རིའི་ཐོག་དབྱར་ཁའི་དུས་སུ་གཞི་ནས་རྩི་ཤིང་དང་རྩྭ་ཏོག་ཙམ་མཐོང་རྒྱུ་ཡོད། འཛམ་གླིང་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན། མཚོ་བོད་མཐོ་སྒང་དུ་བཞའ་ཚན་ཡང་ཆེ་རུ་ཕྱིན་པ་དང་། ལྷག་པར་དུ་ཉེ་བའི་ལོ་བཅུའི་ནང་གཞི་ཁྱོན་ཆེ་བའི་ཤིང་འཛུགས་ནགས་བཟོ་བྱས་པས། སྟག་གདོང་གྲོང་ཚོའི་རྣམ་པར་འགྱུར་བ་བྱུང་ཡོད། ལོ་69ལ་སླེབས་པའི་གྲོང་མི་ཚེ་རིང་དབང་འདུས་ཀྱིས། ཁྱེད་རང་གཟིགས་དང་། མདང་ནུབ་ལྷག་པས་སྒོ་རའི་ནང་ཁྱེར་ཡོང་བ་ནི་ཁམ་བུའི་མེ་ཏོག་དང་འཚར་སྐྱེས་བྱས་མ་ཐག་པའི་ཡོ་འབོག་གི་ལོ་མ་ཡིན་པ་ལས། བྱེ་མ་མཐོང་རྒྱུ་མེད་ཅེས་བཤད་ཡོད་པ་རེད།

  དེ་སྔོན་ལོ་ལྟར་དཔྱིད་ཀ་ཤར་བ་དང་། གཙང་པོའི་རྒྱུད་དུ་གནས་པའི་ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར་སོགས་ལ་ལོ་གཅིག་གི་བྱེ་རླུང་ལྡང་བའི་དུས་ཚོད་ཟླ་བ་གཉིས་གསུམ་ཟིན་གྱི་ཡོད། སྟག་གདོང་གྲོང་ཚོའང་གཅིག་པ་ཡིན་པ་དང་། རྟག་ཏུ་བྱེ་རླུང་ལྡང་ནས་མིག་ཡང་གདང་ཐུབ་ཀྱི་མེད། ད་ལྟ་ནི་ཁམ་བུའི་མེ་ཏོག་དང་སྔོ་ལྗང་གིས་ཁེངས་པ་དང་། ཆུ་མོ་ཤང་ཤང་དུ་རྒྱུག་བཞིན་ཡོད། དེ་དག་ནི་བོད་རང་སྐྱོང་ལྗོངས་ཀྱིས་འབད་བརྩོན་ལྷོད་མེད་ངང་རྒྱལ་ཁོངས་ས་ཆ་སྔོ་ལྗང་ཅན་དུ་འགྱུར་བའི་ལས་གཞིར་སྐུལ་འདེད་བཏང་བ་ལས་བྱུང་བ་ཞིག་ཡིན།

  དུས་རབས་གོང་མའི་ལོ་རབས་80པའི་དུས་འགོར། སྲིད་གཞུང་གི་སྐུལ་སློང་འོག སྟག་གདོང་གྲོང་ཚོའི་གྲོང་མིས་རང་ཁྱིམ་གྱི་ཁང་པའི་རྒྱབ་མདུན་དུ་ཤིང་རིགས་སྣ་ཚོགས་བཏབ་ཡོད། དེའི་རྗེས་སུ། སྲིད་གཞུང་གིས་སླར་ཡང་རིན་པ་མི་དགོས་པར་ལྕང་གསར་འཁོ་འདོན་བྱས་པ་དང་། ཤིང་འཛུགས་ནགས་བཟོ་བྱ་རྒྱུ་དེ་རིམ་བཞིན་གཞུང་ལམ་གྱི་གཞོགས་གཉིས་དང་། ཞིང་ནང་གི་ཆུ་ཡུར། སྐྱིད་ཆུའི་ཆུ་འགྲམ་བཅས་སུ་རྒྱ་ཆེར་བཏང་ཡོད་པ་རེད།

  ལོ་ངོ་སུམ་ཅུའི་གོང་དུ་ཚེ་རིང་དབང་འདུས་ལགས་ཀྱིས་ས་རྒོད་མུའུ་གསུམ་འགན་གཙང་བླངས་པ་དང་། ད་ལྟ་ས་ཆ་དེར་རྒྱ་ལྕང་དང་ཡོ་འབོག་སྡོང་རྒན་ལྔ་བརྒྱ་ལྷག་སྐྱེས་ཡོད།

  ལྕང་གསེབ་དེ་ཡང་ལོ་ངོ་གཉིས་ཀྱི་གོང་དུ་ཡུལ་སྐོར་ཀུང་སི་ཞིག་གིས་འབྱུང་ཁམས་སྤྲོ་གསེང་ཡུལ་སྐོར་བཟོ་ཡུལ་དུ་འབོག་མར་བཏང་ཡོད། གོ་སྐབས་དེ་དང་བསྟུན་ནས་ཚེ་རིང་དབང་འདུས་ལགས་ཀྱིས་ཀྱང་རང་ཉིད་ཀྱིས་སྤྱིལ་ཁང་དྲུག་བསྒྱུར་བཀོད་བྱས་ནས་ཁྱིམ་ཚང་མགྲོན་ཁང་བཟོས་པས་ལོར་ཡོང་འབབ་སྒོར་དྲུག་སྟོང་ལྷག་ཡོང་གི་ཡོད།

  གྲངས་གཞི་ལས་མངོན་པར། སྤྱི་ལོ་༢༠༡༨ལོར་བོད་ལྗོངས་ཀྱིས་འབྱུང་ཁམས་སྲུང་ར་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་རྒྱུར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་བརྒྱ་དང་བཅུ་མེད་བདུན་བཏང་ཡོད། ལྗོངས་ཡོངས་ཀྱི་ནགས་ཚལ་ཁེབས་ཚད་ཀྱང་སྤྱི་ལོ་༢༠༠༣ལོའི་བརྒྱ་ཆ་ལྔ་དང་གྲངས་དགུ་གསུམ་ནས་སྤྱི་ལོ་༢༠༡༨ལོའི་བརྒྱ་ཆ་བཅུ་གཉིས་དང་གྲངས་གཅིག་བཞིའི་བར་མཐོ་རུ་སོང་ཡོད།

  བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཆེ་དགྲ་ལྷས་ས་མཐོའི་དག་ཞིང་དེར་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི་སྤུས་ཚད་མཐོ་བའི་གོང་འཕེལ་མངོན་འགྱུར་བྱེད་པའི་སྔོན་འགྲོ་ཡིན་ཞེས་གསུངས་གནང་ཡོད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཡིག་སྒྱུར། བྱམས་པ་ཚེ་རིང་།