དབྱི་རན་ཕྱི་འབྲེལ་པུས་ཨ་རིའི་རིམ་འདས་གནོན་ཤུགས་སྲིད་ཇུས་རྒྱལ་ཁ་ཕམ་ངེས་རེད་ཅེས་བཤད་པ།
སྤེལ་བའི་དུས་ཚོད། : 2019-06-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། དབྱི་རན་ཕྱི་འབྲེལ་པུས་སྤྱི་ཚེས་༨ཉིན་གསལ་བསྒྲགས་སྤེལ་ནས། ཨ་རིས་དབྱི་རན་ལ་གནོན་ཤུགས་གསར་པ་སྤྲད་པར་སྐྱོན་འཛུགས་བྱས་པ་དང་། ཨ་རིའི་རིམ་འདས་གནོན་ཤུགས་སྲིད་ཇུས་རྒྱལ་ཁ་ཕམ་ངེས་ཡིན་པའི་ངོས་འཛིན་བྱས་ཡོད།

  དབྱི་རན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མུ་ས་ཝེས་གསལ་བསྒྲགས་ནང་། ཨ་རིས་སྤྱི་ཚེས་༧ཉིན་དབྱི་རན་པོ་སི་ཝན་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཀུང་སིར་བཀག་སྡོམ་བྱ་རྒྱུའི་ཁྱབ་བསྒྲགས་པ་དེ་རྒྱལ་སྤྱིའི་རྩ་ཁྲིམས་དང་འགལ་བ་དང་། དེ་ནི་དཔལ་འབྱོར་འཇིགས་སྐུལ་རིང་ལུགས་གྱི་བྱ་སྤྱོད་རེད་ཅེས་བཤད་ཡོད། བཀག་སྡོམ་དེ་ནི་ཨ་རིས་དབྱི་རིན་གྱི་སྲིད་ཇུས་ལ་འཁོན་འཛིན་བྱེད་པའི་ནང་དོན་གྱི་ཆ་ཤས་ཤིག་ཡིན་པ་དང་། དེའི་ཐོག་ནས་ཨ་རིས་དེ་སྔོན་དབྱི་རན་ཕྱོགས་དང་སྐད་ཆ་ཤོད་རེས་བྱེད་པ་དེ་ནི་ཁ་གཡར་ས་ཙམ་ཡིན་པ་ལས། ལྷག་བསམ་གང་ཡང་མེད་ཅེས་གསུངས་ཡོད་པ་རེད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཡིག་སྒྱུར། རིན་ཆེན་དབང་འདུས།