མཉམ་ལས་ཀྱི་ཁ་ཕྱོགས་བསྟན་ནས། གོང་འཕེལ་གྱི་སེམས་ཤུཊ་འཕེལ་བར་མཛད་པ།
སྤེལ་བའི་དུས་ཚོད། : 2019-06-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  མཉམ་ལས་ཀྱི་ཡང་དག་པའི་ཁ་ཕྱོགས་གསལ་སྟོན་དང་འཛམ་གླིང་གོང་འཕེལ་གྱི་སེམས་ཤུགས་འཕེལ་བར་བྱས་པ་སྟེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་རྩ་གསུམ་པའི་ཧྲེང་པི་ཏེ་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཐོག་གནང་བའི་གསུང་བཤད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ལན་ཆ་བཟང་པོ་བྱུང་བ།

  ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྐབས་ཉི་ཤུ་རྩ་གསུམ་པའི་ཧྲེང་པི་ཏེ་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་སྤྱི་ཚེས་7ཉིན་ཧྲེང་པི་ཏེ་པའོ་རུ་སྐོང་འཚོགས་བྱས་ཡོད་པ་རེད། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་གནང་བ་མ་ཟད། འགོ་བརྗོད་དུ་རྒྱུན་མཐུད་གོང་འཕེལ་རྒྱུན་འཁྱོངས་དང་། དར་རྒྱས་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་གཏོད་ཅེས་འཁོད་པའི་གསུང་བཤད་གནང་ཡོད་པ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་ནང་དོན་གཟིགས་རྒྱང་རིང་བ་དང་། དེར་ཁོག་ཡངས་བློ་བརྟན་གྱི་ཁྱད་ཆོས་ལྡན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་དང་འཛམ་གླིང་གི་རྒྱུན་མཐུད་གོང་འཕེལ་གྱི་མདུན་ལྗོངས་ལ་བཅངས་པའི་ཡིད་ཆེས་ཆེ་རུ་ཕྱིན་པའི་ངོས་འཛིན་གནང་ཡོད།

  ཨུ་རུ་སུ་ཚན་རིག་ཁང་འཛམ་གླིང་དཔལ་འབྱོར་དང་རྒྱལ་སྤྱིའི་འབྲེལ་བ་ཞིབ་འཇུག་སོའོ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཞིབ་འཇུག་ལྟེ་གནས་ཀྱི་དབུ་བཞུགས་ཞིབ་འཇུག་པ་ཡ་ལི་ཧྲན་ཏ་ལོ་མ་ནོ་ཧྥུས། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ཁྲོད་བསྟན་གནང་བའི་རྒྱུན་མཐུད་གོང་འཕེལ་གྱི་འདུ་ཤེས་རྒྱུན་འཁྱོངས་དང་། གོ་ལའི་བཅོས་སྒྲིག་འཐུས་སྒོ་ཚང་དུ་གཏོང་བ། འབྱུང་ཁམས་སྲུང་སྐྱོབ་ལ་སྣང་ཆེན་བྱེད་པ། ཚན་རྩལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ནང་དོན་ལ་དགེ་མཚན་ཆེན་པོ་ལྡན་ལ་འཛུགས་སྐྱོང་རང་བཞིན་ཡང་ཧ་ཅང་ཆེན་པོ་ལྡན་པའི་ངོས་འཛིན་གནང་ཡོད།

  ལྷོ་ཁོ་རེ་ཡའི་གྲེང་ཅུན་ཀོན་སློབ་ཆེན་ཀྲུང་གོའི་སློབ་གླིང་ཆེན་མོའི་དངུལ་རྩ་རིག་པའི་དགེ་རྒན་ཆེན་མོ་བ་ཨན་ཡུས་ཧ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་གནང་བ་ལྟར། གནས་བབ་ལ་འགྱུར་ལྡོག་འགྲོ་བར་ཁ་གཏད་གཅོག་པར། ཚང་མས་མཉམ་དུ་ཇུས་འབུལ་ཤུགས་འདོན་བྱེད་དགོས་པ་དང་། མཉམ་ལས་མཉམ་རྒྱལ་ཡོང་བ་བྱེད་པ་ནི་ཕྱོགས་ཁག་གི་ཡང་དག་པའི་གདམ་ཀ་རེད་ཅེས་གསུངས་ཡོད་པ་རེད།

  འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་འཇར་མན་དང་ཀྲུང་གོའི་ཚོ་ཆུང་གི་ཀྲུའུ་ཞི་ཞི་གཞོན་པ་ཧྲེ་ལུན་ཏེས་ཡུལ་དངོས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གསན་ཡོད་པ་རེད། ཁོང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཁག་ཞི་བདེ་དང་མཛའ་མཐུན་ངང་མཉམ་གནས་བྱས་ཏེ། མིའི་རིགས་ཐུན་མོང་ལ་འཕྲད་པའི་གོ་ལའི་རང་བཞིན་གྱི་གནད་དོན་མཉམ་དུ་ཐག་གཅོད་བྱ་རྒྱུར་འབོད་སྐུལ་གནང་སོང་བས། དེས་ངར་བག་ཆགས་ཟབ་མོ་བཞག་བྱུང་ཞེས་གསུངས་ཡོད་པ་རེད།

  ཨེ་ཙི་ཨོ་པི་ཡའི་ཡ་ཏི་སི་ཡ་པེ་པ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་ཁེ་སི་ཐན་ཏི་ནོ་སིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ཁྲོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་རྒྱུན་མཐུད་གོང་འཕེལ་གཏོང་རྒྱུའི་ཁས་ལེན་ལག་ལེན་བསྟར་བཞིན་ཡོད་ཅེས་བསྟན་གནང་སོང་བས། ཉེ་བའི་ལོའི་རིང་གི་ཀྲུང་ཧྥེའི་མཉམ་ལས་ཀྱི་ལག་ལེན་དངོས་དང་ཐོབ་པའི་གྲུབ་འབྲས་ཀྱི་ཐོག་ནས་དེ་དོན་གང་ལེགས་མངོན་པའི་ངོས་འཛིན་གནང་འདུག

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ལྟ་སྐུལ། ཚེ་དགའ།

  ཞུ་དག རྒྱལ་པོ།

  ཡིག་སྒྱུར། རིན་ཆེན་དབང་འདུས།