ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ་ཞེས་པའི་པོད་དང་པོ་ཅིའར་ཅི་སི་སི་ཐན་ཡི་གེའི་དཔར་མའི་དེབ་ཕུད་འགྲེམས་པའི་མཛད་སྒོ་དང་ཀྲུང་གོ་དང་ཅིའར་ཅི་སི་སི་ཐན་གྱི་རྒྱལ་སྐྱོང་སྲིད་འཛིན་ཞིབ་གྲོས་ཚོགས་འདུ་པི་ཧྲེན་ཁའེ་ཁེ་རུ་སྐོང་འཚོགས་བྱས་པ།
སྤེལ་བའི་དུས་ཚོད། : 2019-06-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ་ཞེས་པའི་པོད་དང་པོ་ཅིའར་ཅི་སི་སི་ཐན་ཡི་གེའི་དཔར་མའི་དེབ་ཕུད་འགྲེམས་པའི་མཛད་སྒོ་དང་ཀྲུང་གོ་དང་ཅིའར་ཅི་སི་སི་ཐན་གྱི་རྒྱལ་སྐྱོང་སྲིད་འཛིན་ཞིབ་གྲོས་ཚོགས་འདུ་སྤྱི་ཟླ་༦པའི་ཚེས་༨ཉིན་པི་ཧྲེན་ཁའེ་ཁེའི་ཙུང་ཐུང་ལས་ཤག་ཏུ་སྤེལ་ཡོད་པ་རེད། ཐེངས་འདིའི་བྱེད་སྒོ་དེ། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་དང་། ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུད། ཅིའར་ཅི་སི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་བཅས་ནས་གཙོ་གཉེར་བྱས་པ་རེད། ཅིའར་ཅི་སི་སི་ཐན་གྱི་ཙུང་ཐུང་རེ་ཨེན་པེ་ཁེ་ཧྥུ་དང་། ཅིའར་ཅི་སི་སི་ཐན་གྱི་ཙུང་ཐུང་ཟུར་པ་ཨའོ་ཐུང་པ་ཡེ་ཝ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཝང་ཞའོ་ཧུའེ། ཅིའར་ཅི་སི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཏུ་ཏེ་ཝེན་བཅས་བྱེད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་གསུངས་གནང་ཡོད་པ་རེད།

  རེ་ཨེན་པེ་ཁེ་ཧྥུས་ཤིས་ཚིག་ནང་། ཀྲུའུ་ཞི་ཞི་ཅིན་ཕིང་ནི་དེང་སྐབས་དང་མ་འོངས་པར་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་ཆབ་སྲིད་མཁས་པའི་གྲས་ཤིག་རེད། ཁོང་གི་གསུང་རྩོམ་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་གླེང་བ་ཞེས་པ་འདིའི་ནང་འདས་པའི་དུས་ཚོད་ནང་ཀྲུང་གོ་གོང་འཕེལ་མྱུར་པོ་ཕྱིན་པའི་ཕྱོགས་བསྡོམས་དང་མ་འོངས་པའི་ཀྲུང་གོའི་གོང་འཕེལ་གྱི་ཁ་ཕྱོགས་དང་ལམ་ཕྱོགས་ཐད་ཀྱི་བསམ་གཞིགས་འདུས་ཡོད་ལ། ད་དུང་འཛམ་གླིང་མཐུན་མོང་ལ་འཕྲད་པའི་དཔལ་འབྱོར་དང་། བདེ་འཇགས། འབྱུང་ཁམས་ཁོར་ཡུག་སོགས་ཀྱི་གནད་དོན་ཐད་བཏོན་པའི་ཀྲུང་གོའི་འདུ་ཤེས་དང་འདོད་ཚུལ་བཏོན་ཡོད། གསུང་རྩོམ་འདི་ཀློག་པ་བརྒྱུད་ཀྲུའུ་ཞི་ཞི་ཅིན་ཕིང་གི་དགོངས་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཇུས་འདོད་ཚུལ་ལ་རྒྱུས་ལོན་དེ་བས་ཟབ་ཏུ་འགྲོ་རྒྱུ་དང་། ཀྲུང་གོའི་གོང་འཕེལ་གྱི་གཏན་ཚིག་དང་། གོང་འཕེལ་གྱི་དཔེ་རྣམ། གོང་འཕེལ་གྱི་གྲུབ་འབྲས་བཅས་ལ་རྒྱུས་ལོན་ཐུབ་ཅེས་གསུངས་འདུག

  ཁོང་གིས། ཅིར་ཅི་སེ་སེ་ཐན་གྱིས་ཆབ་སྲིད་དང་དཔལ་འབྱོར། ཁྲིམས་ལུགས་བཅས་བསྒྱུར་བཅོས་དང་། དོ་དམ་ལམ་ལུགས་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། གསུང་རྩོམ་དེ་ཅིར་ཅི་སེ་སེ་ཐན་གྱི་ཆབ་སྲིད་མཁས་པ་དང་དཔོན་རིགས། དེ་བཞིན་ཀློག་པ་པོ་ཡོངས་ཀྱི་རྩ་ཆེའི་རྒྱུ་ནོར་ལ་འགྱུར་རྒྱུ་དང་། བསམ་བློ་གཏོང་ཐུབ་མཁན་མི་ཚང་མས་བརྩམས་བྱ་དེ་བཀླགས་པ་བརྒྱུད་རང་ཉིད་ལ་ཐོབ་ཚོར་ཞིག་ཡོང་ཐུབ་ཅེས་བསྟན་ཡོད་པ་རེད།

  ཨའོ་ཐོང་པ་ཡེ་ཝས་ཤིས་ཚིག་གསུངས་སྐབས། ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ་ཞེས་པའི་དེབ་དེའི་ནང་དོན་ཟབ་པ་དང་། དགོངས་དོན་ཕུན་སུམ་ཚོགས་པོ་འདུག་ལ། འགོ་ཁྲིད་པའི་དབང་གྲགས་དང་འགོ་ཁྲིད་པའི་མཐོ་ཚད་ཀྱང་མངོན་གྱི་འདུག བརྩམས་བྱ་དེ་ཀློག་པ་ནི་དེང་རབས་ཀྲུང་གོར་ཤེས་རྟོག་བྱེད་པའི་ཐབས་ལམ་ཡག་ཤོས་ཤིག་ཡིན་པ་དང་། དེབ་དེ་བཀླགས་མྱོང་བའི་མིས་ཀྲུང་གོའི་གོང་འཕེལ་ནི་ཉེན་ཁ་མིན་པར། འཛམ་གླིང་ཡོངས་ཀྱི་གོ་སྐབས་ཡིན་པ་ཤེས་རྟོག་ཐུབ་རྒྱུ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལོ་ངོ་ལྔ་སྟོང་གི་ཤེས་དཔལ་ཁྲོད་ཀྱི་ཕུན་སུམ་ཚོགས་པའི་མཚན་ཉིད་རིག་པ་དང་ལུང་ཚིག་བེད་སྤྱོད་གང་ལེགས་གནང་ཡོད་པས། གསུང་རྩོམ་དེ་གསོན་ཉམས་ལྡན་ལ་ཀློག་སྤྲོ་བ་དང་། ལྟ་བདེ་བ་ཞིག་ཡོད་པ་དང་། ཀློག་པ་པོས་ཤོག་ལྷེ་དང་པོ་ཁ་ཕྱེ་རྗེས། དེའི་ཆེད་ལས་དང་སྤྲོ་བས་ཡིད་དབང་འགུག་གི་ཡོད་ཅེས་གསུངས་ཡོད་པ་རེད།

  ཐོག་མའི་པར་འགྲེམས་མཛད་སྒོའི་ཐོག ཨའོ་ཐུང་པ་ཡེ་ཝ་དང་། ཅིར་ཅི་སི་སི་ཏན་གྲོས་ཚོགས་ཁང་གི་གྲོས་དཔོན་གཞོན་པ་པ་ཅི་ལོ་ཧྥུ། ཝང་ཞའོ་ཧུའེ། ཏུ་སྡེ་ཝུན་བཅས་ནས་ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ་ཞེས་པའི་པོད་དང་པོའི་ཅིར་ཅི་སི་སི་ཏན་གྱི་དཔར་མའི་དེབ་ཕུད་བཀྲམས་ཡོད་པ་རེད། ཝང་ཞའོ་ཧུའེ་ཡིས་ཅིར་ཅི་སི་སི་ཏན་ཕྱོགས་ཀྱི་དེབ་ཕུད་བཀྲམས་མཁན་གྱི་སྐུ་མགྲོན་ལ་དེབ་གསར་པ་ཕུལ་ཡོད་པ་རེད།

  ཀྲུང་གོ་དང་ཅིར་ཅི་སི་སི་ཏན་རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་གི་མི་སྣ་སུམ་བརྒྱ་ལྷག་ཐོག་མའི་པར་འགྲེམས་མཛད་སྒོ་དང་ཞིབ་བསྡུར་ཚོགས་འདུར་ཞུགས་ཡོད། ལྷན་རྒྱས་ནས་ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ་ཞེས་པའི་པོད་དང་པོར་གཞིགས་ནས་སྤེལ་རེས་རྒྱ་ཁྱབ་གནང་བ་དང་། ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ་ཞེས་པའི་ཅིར་ཅི་སི་སི་ཏན་གྱི་དཔར་མ་པར་བསྐྲུན་འགྲེམས་སྤེལ་བྱས་པ་དེས་ཅིར་ཅི་སི་སི་ཏན་གྱི་མི་དམངས་ནས་དེང་རབས་ཀྲུང་གོར་ཤེས་རྟོགས་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་གོ་བ་ལེན་རྒྱུར་དབང་གྲགས་ལྡན་པའི་དཔྱད་གཞི་མཁོ་འདོན་ཐུབ་པས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ལག་གདང་སྦྲེལ་ནས་ཐུན་མོང་གོང་འཕེལ་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་ཐུབ་པའི་ངོས་འཛིན་གནང་ཡོད་པ་རེད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཡིག་སྒྱུར། མིག་དམར་རྒྱལ་པོ། དབང་འདུས། བྱམས་པ་ཚེ་རིང་།